WhatsAppཡིས་ཁྱེད་ཀྱི་སྐད་ཆ་དང་པར་རིས་རྙིང་པ་རྣམས་གང་མགྱོགས་བསུབ་ཀྱི་རེད།

0
1193

ཨ་རི། ཁ་ལི་ཧྥོར་ནི་ཡ། སྤྱི་2018ཟླ་8ཚེས་20ཉིན། ཁ་སང་དང་དེ་རིང་ཉིན་གཉིས་ཀྱི་རིང་རྒྱལ་སྤྱིའི་ཚན་རྩལ་གསར་འཕྲིན་འདོན་སྤེལ་བྱ་མཁན་གསར་ཁང་ཕལ་མོ་ཆེས་སྤེལ་བཞིན་པའི་གནས་ཚུལ་ཞིག་ནི། ངོ་དེབ་ཚོང་ཚོགས་ཀྱི་བདག་དབང་འོག་ཏུ་ཡོད་པའི་རྒྱལ་སྤྱིའི་འཕྲིན་ཕྲན་མཉེན་ཆས་གཞི་རྒྱ་ཆེ་ཤོས་WhatsAppཡིས་མཉེན་ཆས་དེ་ཉིད་བརྒྱུད་ནས་བསྐུར་རེས་བྱས་པའི་ཁྱེད་ཀྱི་པར་རིས་དང་། སྐད་ཆ། བརྙན་ཐུང་སོགས་གང་མགྱོགས་བསུབ་འཆར་ཡོད་པའི་གནས་ཚུལ་བརྗོད།

ད་ལྟའི་ཆར་རྒྱལ་སྤྱིའི་ནང་ཟླ་རེར་མཉེན་ཆས་དེ་ཉིད་དངོས་སུ་བེད་སྤྱོད་བྱ་བཞིན་པ་ཁྱོན་མི་འབོར་ཐེར་འབུམ་1.3ཡོད་པ་དང་། འདི་ལོའི་རྒྱལ་སྤྱིའི་ཐད་གཏོང་འཕྲིན་ཕྲན་མཉེན་ཆས་ཞིབ་འཇུག་སྙན་ཐོ་ལྟར་ན་འཛམ་གླིང་ནང་མཉེན་ཆས་དེ་ཉིད་བེད་སྤྱོད་བྱ་མཁན་ཆེས་མང་ཤོས་དང་། དེ་རྗེས་རྒྱ་ནག་ནས་བཟོས་པའི་སྐད་འཕྲིན་ནམ་(WeChat)བེད་སྤྱོད་བྱ་མཁན་མང་ཤོས་གཉིས་པ་དེ་ཉིད་ཆགས་ཀྱི་ཡོད་འདུག

WhatsAppདེ་ཉིད་སྤྱི་ལོ་2009ལོར་ Brian Actonདང་Jan Koumགཉིས་ཀྱིས་གསར་བཟོ་བྱས། སྤྱི་ལོ་2014ལོར་མཉེན་ཆས་དེ་ཉིད་ཁྱོན་ཨ་སྒོར་ཐེར་འབུམ་19.3ཙམ་བྱས་ཏེ་ངོ་དེབ་ཀྱིས་ཉོས་ཡོད།#WhatsApp was founded in 2009 by Brian Acton and Jan Koum, both former employees of Yahoo! WhatsApp was acquired by Facebook in February 2014 for approximately US$19.3 billion.

ད་ལན་WhatsAppཡིས་མཉེན་ཆས་དེ་ཉིད་སྤྱོད་པ་པོའི་པར་རིས་དང་། བརྙན་ཐུང་། སྐད་ཆ་རྙིང་པ་རྣམས་བསུབ་འཆར་ཡོད་པ་ནི། ཚོང་ཚོགས་དེ་ཉིད་དང་ཚན་རྩལ་ཚོང་ཚོགས་ཆེ་ཤོས་གུ་གྷལ་(Google)བར་གྱི་ཚོང་དོན་གན་རྒྱ་བཞིན་སྤྱོད་པ་པོས་འགྱུར་ལྡོག་དེ་ཉིད་ལ་གདོང་ལེན་མ་བྱེད་ཐབས་མེད་ཡིན་སྐོར་བརྗོད་བཞིན་འདུག འོན་ཀྱང་། མཉེན་ཆས་དེ་ཉིད་སྤྱོད་པ་པོ་རྣམས་ཀྱི་རང་སོ་སོའི་རྩ་ཆེའི་སྐད་ཆ་རྙིང་པ་དང་། དྲན་རྟེན་གྱི་བརྒྱུད་རིམ་དུ་གྱུར་བའི་པར་རིས། ཕན་ཚུན་བསྐུར་རེས་བྱས་པའི་འཕྲིན་ཐུང་སོགས་འདི་ལོའི་སྤྱི་11ཚེས་12སྔོན་ཚུན་གུ་གྷལ་དྲ་གནས་བར་སྟོང་(Google Drive)ནང་སྲུང་འཇུག་(Back up)བྱ་ཆོག་པ་ཡིན།

དེ་བཞིན་གུ་གྷལ་ཚོགས་ཀྱིས་བརྗོད་རྒྱུར་མཉེན་ཆས་དེ་ཉིད་སྤྱོད་པོས་རང་ཉིད་སྒེར་ངོས་ནས་ཡིག་ཚགས་དེ་དག་མཉེན་ཆས་ཀྱི་སྒྲིག་བཟོའི་ནང་དུ་སོང་ནས་དྲ་གནས་བར་སྟོང་དུ་སྲུང་འཇུག་བྱ་རྒྱུ་ལས་རང་འགུལ་སྲུང་འཇུག་བྱ་གི་མེད་པར་བརྗོད། གོང་སྨྲོས་དུས་ཚོད་དེའི་སྔོན་ཚུན་མཉེན་ཆས་དེ་ཉིད་ནང་ཡོད་ཡིག་ཚགས་རྣམས་སྲུང་འཇུག་བྱ་མ་ཐུབ་ཚེ། ཁྱེད་ཀྱི་དྲན་རྟེན་དུ་གྱུར་བའམ་གལ་ཆེར་གྱུར་བའི་ཡིག་ཚགས་རྣམས་རྩ་སྟོང་ནས་བརླག་ཉེན་ཡོད་ཅེས་ཉེན་བརྡ་བཏང་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།