བོད་ཀྱི་དེ་ཕོའི་རིག་གནས་བྱ་གཞག་གསལ་བརྡ།

0
159

༄༅། །འཛམ་གླིང་ཡུལ་གྲུ་ཁག་20ལྷག་ནས་བོད་ཀྱི་དེ་ཕོར་གཟིགས་བཞིན་པའི་རྒྱ་ཆེའི་སྙིང་ཉེ་ཞིང་ཤེས་རིག་ལ་དུང་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ།

ཞུ་དོན།

འདས་པའི་དུས་ཚོད་ནང་ངེད་ཅག་གིས་མཐོང་ཐོས་བྱུང་བའི་སྤྱི་ཚོགས་ཀྱི་རྣམ་པ་འདྲ་མིན་བརྒྱུད། ཤེས་དཔལ་གཉིས་གོང་བུ་གཅིག་ཏུ་བསྒྲིལ་ཏེ་འཛམ་གླིང་དབང་བསྒྱུར་བྱེད་བཞིན་པའི་གནད་ལུགས་ཀྱི་དགོངས་དོན་གང་འཚམས་ཤིག་ང་ཚོས་རྟོགས་ཡོད། དེ་ལྟར་ན་“རིག་གནས་ནི་ཡོད་ཚད་ཀྱི་གཙོ་དང་། དཔལ་འབྱོར་ནི་ཐམས་ཅད་ཀྱི་རྒྱབ།”ཡིན་པའི་ངེས་ཤེས་གཏིང་ཟབ་ས་ནས་རྙེད་ཐུབ་ཅིང་། ཁ་སྟོང་ནང་གི་ལྕེ་སྟོང་གིས་གནམ་ས་གཡོ་རྒྱུའི་འདུན་པ་སྔ་ས་ནས་དོར་ཏེ། དོན་དངོས་པོའི་བཟང་ཕྱོགས་མི་རིགས་རིང་ལུགས་ཀྱི་འགག་རྩར་མཛུབ་མོའི་རྩེ་མོ་རེག་ཐུབ་ཙམ་འབྱུང་ན་བསམ་བཞིན་ལོ་ཟླ་འདས།

དེ་ནི་སྔར་རང་ངོས་ནས་རང་རིགས་ཀྱིས་ངེས་པར་སློབ་སྦྱོང་བྱེད་དགོས་པའི་ནོར་ཝེ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཤིག་བསྒྱུར་རྒྱུའི་འདུན་པ་མ་བསླེབས་གོང་གི་བསམ་འདུན་ཞིག་ཡིན། ང་ཚོས་ཞིབ་ཏུ་བལྟས་ནས་ཤེས་པ་ནི་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱིས་ལོ་རྒྱུས་ལ་མཛེས་རིས་བརྐོས་ཤིང་། དཔལ་འབྱོར་གྱིས་ཐམས་ཅད་དབང་བསྒྱུར་བྱེད་བཞིན་ཡོད་པ་དེ་རེད། དེ་ནི་ད་ལྟའི་ཆར་ཁ་གསང་ནས་ཤོད་དགོས་ཤིང་། མིག་གདངས་ནས་ལག་ལེན་འཁྱོལ་དགོས་པའི་རྩ་དོན་ངོ་མ་དེ་ཡིན། དེའི་གཏན་ཚིག་ནི་རིག་གནས་དང་དཔལ་འབྱོར་མེད་པའི་སྤྱི་ཚོགས་ནི་ནམ་ཡང་མུན་ནག་དང་བླུན་བཤད་ཀྱི་མགོ་སྐོར་ཐེབས་ཡུལ་སྡུག་ཤོས་དེར་གྱུར་ཡོད་ལ་ད་དུང་ཡང་འགྱུར་རྒྱུ་རེད།

རང་ངོས་ལ་མཚོན་ལ་ངས་བརྩེ་ས་ནི་ང་རང་དང་ཁྱེད་རང་ཡིན། ངས་ནམ་ཡང་ང་དང་ཁྱེད་ཀྱི་རྩ་དོན་ངོ་མ་དེ་ཉིད་འཐབ་རྩོད་བྱ་རྒྱུའི་ཕུགས་བསམ་དོར་མི་སྲིད་ལ། མི་རིགས་འདིར་བཅངས་པའི་བརྩེ་ཞེན་གྱིས་རྡོ་གོང་དཀར་པོའི་ཀུན་གསལ་རྣམ་དག་གི་མཆོད་རྟེན་སྟོང་ཚ་གཅིག་བཞེངས་འདོད་ཀྱི་འདུན་པ་སྔར་ལས་རྒྱས། དེ་ནི་ངས་ང་རང་ལ་བརྩེ་བའི་བག་ཆགས་ཤིག་དང་། ཀུན་གྱིས་འབོར་བའི་ཁྱེད་དང་ང་གཉིས་ཀྱི་ལས་དབང་ལ་གཞིགས་པའི་རྨང་རྟེན་ངོ་མ་དེར་འཐམ་འཁྱུད་བྱེད་བཞིན་ཡོད་པའི་མདོར་དོན་ཞིག་ཀྱང་ཡིན།

ངས་འདི་ནས་དམིགས་སུ་ཞུ་འདོད་པ་ཞིག་ནི་རིག་གནས་སློབ་གསོའི་སྡེ་ཚན་ཁག་ནས་ཧུར་སྐྱེད་དང་། དཔལ་འབྱོར་གྱི་སྡེ་ཚན་ཁག་ནས་ངར་ཤུགས་འདོན་བཞིན་པའི་རང་རིགས་ཀྱི་སྐྱེས་ཕོ་མོ་ཡོངས་ལ་ནམ་ཡང་ཁྱེད་ཅག་ནི་ང་ཚོའི་མ་འོངས་པའི་བདག་པོ་ཡིན་ཞེས་བརྗོད་འདོད་བྱུང་། དེ་ལྟར་ཁྱེད་ཀྱིས་སྦྱངས་པའི་ཤེས་ཡོན་དེ་ཉིད་བོད་པས་ཤེས་པའི་ཡོན་ཏན་ཞིག་དང་། ཁྱེད་ཀྱིས་བསགས་པའི་རྒྱུ་ནོར་དེ་ཉིད་ཀྱང་བོད་པས་བསགས་པའི་རྒྱུ་ནོར་ཞིག་ཅིས་ཀྱང་མིན། དེ་ནི་ཁྱེད་དང་ང་གཉིས་ཀྱིས་ངེས་པར་དུ་རང་རེའི་སྤྱི་ཚོགས་ལ་འཛིན་དགོས་པའི་ལྟ་ཕྱོགས་ཤིག་དང་། དོན་ངོ་མའི་མཉམ་འདུས་ཀྱི་ཕུགས་བསམ་རྩོད་ཐབས་ཤིག་ཀྱང་ཡིན།

ངས་ལས། ཁྱེད་ཀྱིས་ཀྱང་ལས། ད་དུང་། ང་ཚོ་ཚང་མས་རྡོ་ལེབ་ཀྱི་སྟེང་དུ་མེ་ཏོག་འདེབས་མཚམས་བཞག་སྟེ། དོན་ངོ་མའི་འབྲས་བུ་སོན་རྒྱུ་ཡོད་པའི་རང་སོ་སོའི་ལས་རིགས་ལ་ཧུར་ཐག་གིས་གཞོལ་རྒྱུ་ཡིན། གནད་དོན་དེས་གཞི་ནས་ཁྱེད་དང་ངའི་ངོ་གདོང་ལ་མཛུམ་མདངས་བསུ་ཐུབ། སྤྱིར་དུས་གསུམ་ཡོད་པར་བརྗོད་ཀྱང་། དོན་ངོ་མར་ད་ལྟ་བ་མེད་ན་འདས་པ་དང་མ་འོངས་པ་ཟེར་བ་དེ་གཉིས་རྣམ་དཔྱོད་རིག་པའི་ཐད་ནས་བརྗོད་ན་ཡོང་རྒྱུ་མེད་པ་ཞིག་ཡིན།  དེ་ནི་ཁས་ལེན་མ་བྱེད་ཐབས་མེད་ཀྱི་དོན་དངོས་དང་། དོན་དངོས་ལ་རྒྱབ་འགལ་སོང་རིགས་ནམ་ཡང་ཕམ་པ་ལས་རྒྱལ་བ་མེད།

མཐར་ངེད་ཅག་གི་དོན་ངོ་མའི་བྱ་གཞག་གི་སྟེང་དུ་འབབ་རྒྱུ་ཡིན། རེད། བོད་ཀྱི་དེ་ཕོ་དབུ་བརྙེས་ནས་དེ་རིང་བར་ཟླ་བ་གཉིས་ཏག་ཏག་འདས་ཡོད་པ་དང་། ཁྱོན་རང་ཉིད་རྩོམ་སྒྲིག་པ་དང་རྩོམ་འབྲི་བ། ཡིག་སྒྱུར་བ་བཅས་གཅིག་ལྕོགས་ངང་ཆུ་ཚོད་ཉེར་བཞི་མ་ཟིན་ཙམ་ལས་ཏེ་ཁྱོན་རྩོམ་ཡིག་གྲངས་174སྤེལ་ཟིན་ཡོད། དེ་ནི་རྒྱལ་སྤྱིའི་ཚད་ལྡན་གསར་ཁང་གི་མ་མཐའི་རྩོམ་ཡིག་སྤེལ་གཞིའི་ཨང་ཚད་ལོན་ཐུབ་པ་བྱུང་ཡོད་ཅེས་ཞུ་རྒྱུ་ཡིན། ད་དུང་། གསར་འགྱུར་རེ་འགའ་ནི་ལས་མི་བརྒྱ་ཕྲག་ཡོད་པའི་རྒྱལ་ཁབ་ཁག་ཆེ་ཁག་གི་གསར་ཁང་ཁ་ཤས་ལས་ཆུ་ཚོད་འགས་མྱུར་བ་བྱུང་ཡོད། དེ་བཞིན་ཀློག་གྲངས་ཀྱི་ཐད་ནས་བརྗོད་ན་ཡང་ད་ལྟའི་ཆར་བོད་ཡིག་དྲ་བའི་ཁུངས་ནས་ཀློག་གྲངས་མང་ཤོས་ཀྱི་གྲས་སུ་གྱུར་གྱི་ཡོད། ད་དུང་། དྲ་གྲོགས་འགའི་འཕྲིན་སྟེགས་སྟེང་བོད་ཀྱི་དེ་ཕོའི་རྩོམ་ཡིག་གཅིག་གི་ཀློག་གྲངས་ཁྲི་ཚོ་ལས་བརྒལ་ཐུབ་པ་ནི་དྲ་ཐོག་ནས་བོད་ཡིག་རྩོམ་ཡིག་གཅིག་གི་ཀློག་གྲངས་ཀྱི་རྒྱལ་ཁ་ཞིག་ཀྱང་ཡིན། དེ་ལྟར་ན་བོད་ཀྱི་དེ་ཕོས་ད་བར་འདས་པའི་ཉིན་གྲངས་དྲུག་ཅུའི་རིང་རྐང་པ་གང་ཐུབ་ཀྱིས་བརྟན་པོ་འཛུགས་ཐབས་བྱས་ཡོད།

དེ་རིང་ནས་ང་དང་ཁྱེད་ཅེས་གོང་དུ་བཤད་པ་ལྟར། བོད་ཀྱི་དེ་ཕོ་ནི་ང་ཙམ་མིན་པར་ཁྱེད་ཀྱི་ཡང་ཡིན། དེ་ལྟར་ན་བོད་ཀྱི་དེ་ཕོ་ནི་ང་ཚོ་ཚང་མའི་སྤྱི་མོས་ཀྱི་འདུ་འཛོམས་བྱ་གནས་གལ་ཆེན་ཞིག་ཏུ་བསྐྲུན་ཐབས་བྱེད་བཞིན་ཡོད། དེས་ན་གཞི་རྒྱ་ཆེ་བའི་ཤེས་རིག་དུང་བའི་ཡིག་སྒྱུར་བ་དག་གིས་ངེད་དྲ་བ་བརྒྱུད་ནས་མི་དམངས་ལ་རང་ཉིད་ཀྱི་ལག་རྗེས་འབུལ་རྒྱུའི་གོ་སྐབས་དམིགས་བསལ་བ་ཞིག་འབུལ་འགོ་བཙུགས་ཡོད་པས་དེ་དོན་བཀུར་འོས་ཡིག་སྒྱུར་བ་དག་གིས་དགོངས་པའི་དབྱིངས་སུ་འཇགས་པར་འཚལ།

རྩོམ་ཡིག་འདེམས་སྒྲུག་གི་བརྗོད་གཞི་ཁག

  • ཤེས་ཡོན།
  • ཚན་རྩལ།
  • རྩེད་རིགས།
  • སྤྱིར་བཏང་ཤེས་བྱ།
  • འཕྲོད་བསྟེན།
  • དཔལ་འབྱོར།

གསལ་བརྗོད། : 1.རྩོམ་ཡིག་གི་རིང་ཐུང་A4ཤོག་ལྷེ་གཅིག་ལས་ཐུང་མི་ཉན། 2.འོང་འགྱུར་གྱི་དུས་ཚོད་དང་རང་ཉིད་ཀྱི་དཔལ་འབྱོར་ལ་གཞིགས་ཀྱིན་བོད་ཀྱི་དེ་ཕོའི་རྩོམ་ཡིག་སྤེལ་ཚད་མང་ཤོས་ཟིན་མཁན་ལ་དངུལ་དམར་གྱི་ལེགས་སྐྱེས་དང་གཟེངས་བསྟོད་འབུལ་རྒྱུ་ཡིན། 3.འདིར་བསྐུར་བའི་ཁྱེད་ཀྱི་རྩོམ་ཡིག་རྩོམ་སྒྲིག་པས་འདོན་སྤེལ་བྱས་པའི་ངེས་པ་མེད་པས་སྔ་ས་ནས་དགོངས་འཇགས་འཚལ། 4.འདིར་བསྐུར་བའི་རྩོམ་ཡིག་རྣམས་རྩོམ་སྒྲིག་པས་ཞུ་དག་ཐེངས་གཅིག་མ་གཏོགས་གཏོང་ཁོམ་མེད་པས་སྔ་ས་ནས་རང་རྩོམ་གྱི་དག་སྡེབ་གཙང་གསུམ་ལ་མཛེས་བཟོ་གང་ལེགས་གནང་རོགས། 5.རྩོམ་ཡིག་དང་ལྷན་རང་ཉིད་ཀྱི་མིང་དང་སྡོད་གནས། དེ་བཞིན་ཕྱེད་པར་གཙང་གསལ་ཞིག་བསྐུར་རོགས་གནང་།

རྩོམ་ཡིག་བསྐུར་ཡུལ། གློག་འཕྲིན་ཁ་བྱང་། tibrooster@gmail.com

སྤྱི་ལོ་2017ཟླ་2ཚེས་14ཉིན།
བོད་ཀྱི་དེ་ཕོ་རྒྱལ་སྤྱིའི་བོད་ཡིག་གསར་ཁང་
དབུ་བརྙེས་ནས་ཟླ་གཉིས་འཁོར་ཉིན།
གུས་འདུད་དང་བཅས།