ཨ་རིའི་9/11དོན་རྐྱེན། སྦྲུལ་གྱི་མགོ་ཨོ་བྷ་མ་རེད།-རྩོམ་སྒྲིག་པའི་ཆེད་སྒྲིག

0
109

རྩོམ་སྒྲིག་པའི་ཆེད་སྒྲིག

ཨ་རི། ཝ་ཤིང་ཏྲོན། སྤྱི་ལོ་2017ཟླ་2ཚེས་9ཉིན། དེ་རིང་ཉིན་རྒྱབ་རྒྱ་གར་དུས་བབ་(Times of India)ཀྱིས་གནས་ཚུལ་སྤེལ་གསལ། རང་ངོས་ནས་དང་བླངས་ཀྱིས་9/11དོན་རྐྱེན་གྱི་འཆར་འགོད་པ་གཙོ་བོར་གླེང་མཁན་ཨ་རིའི་དྲག་སྤྱོད་འབྲེལ་ཡོད་བཙོན་པ་ཁ་ལེ་ཏི་ཤེག མོ་ཧཱ་མ་ཏི་(Khalid Shaikh Mohammad)ཞེས་པས་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མར་འཕྲིན་ཡིག་ཤོག་ངོས་18ཅན་ཞིག་བྲིས་འདུག འཕྲིན་ཡིག་དེའི་ནང་ཨ་རིའི་9/11དོན་རྐྱེན་ནི་ཐད་ཀར་ཨ་རིའི་ཕྱི་སྲིད་བཟུང་ཕྱོགས་དང་འབྲེལ་བ་ཡོད་པར་གླེང་ཞིང་། མཐར་དོན་མེད་ངང་ཉེས་མེད་ཀྱི་མི་དམངས་དེ་དག་ཤི་སྐྱོན་བྱུང་དགོས་པའང་ཨ་རིའི་ཕྱི་སྲིད་བཟུང་ཕྱོགས་ཀྱི་དངོས་འབྲས་ཤིག་ཡིན་པར་བརྗོད་འདུག འཕྲིན་ཡིག་དེའི་ནང་དུ་གོང་གི་གནད་དོན་དེ་དག་སྲིད་འཛིན་ཟུར་པ་སྐུ་ཞབས་ཨོ་བྷ་མར་འགྲེལ་བཤད་རྒྱག་ཕྱིར་བྲིས་པ་ཞིག་ཡིན་པ་རེད་འདུག

ཤོག་ངོས་18ཅན་གྱི་འཕྲིན་ཡིག་དེའི་འགོ་བྱང་དུ་བཀོད་གསལ། (སྦྲུལ་གྱི་མགོ། ཨོ་བྷ་མ།) ཞེས་བྲིས་ཡོད་པ་དང་། འཕྲིན་ཡིག་དེའི་ཁ་བྱང་གི་འགྲེལ་བརྗོད་དུ་བྲིས་དོན། (གཉའ་གནོན་དང་གཏིང་གནག་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད།)ཅེས་བྲིས་ཡོད་པ་རེད་འདུག འཕྲིན་ཡིག་དེ་ཉིད་ཨོ་བྷ་མ་སྲིད་གཞུང་གི་ལས་དུས་རྫོགས་ཁར་གཞི་ནས་ཕོ་བྲང་དཀར་པོར་འབྱོར་ཡོད་ཚུལ་གླེང་ཞིང་། ཁོ་པའི་སྲུང་སྐྱོབ་ཁྲིམས་རྩོད་པ་ནེ་ཝིན་(David Nevin)ལགས་ཀྱིས་འཕྲིན་ཡིག་དེའི་ངོ་བཤུས་ཤིག་ཨ་རིའི་དམག་དོན་ཁྲིམས་ཁང་དུ་སྤྲད་ཟིན་འདུག་ཅིང་། ད་མཚམས་དམག་དོན་ཁྲིམས་ཁང་གི་དྲ་ཚིགས་སུ་འཕྲིན་ཡིག་དེ་ཉིད་བཀོད་རྒྱུ་ཡིན་ཚུལ་བརྗོད། ཁོ་པའི་སྲུང་སྐྱོབ་ཁྲིམས་རྩོད་པས་བརྗོད་དོན། “ཁོ་པས་སྤྱི་ལོ་2014ལོར་འཕྲིན་ཡིག་དེ་ཉིད་འབྲི་འགོ་བཙུགས་འདུག”ཅེས་བརྗོད།

ཁོ་པའི་སྲུང་སྐྱོབ་ཁྲིམས་རྩོད་པ་ནེ་ཝིན། @David Nevin

མ་ཧཱ་མ་ཏི་ནི་ཨ་རིའི་དམག་མིས་དམིགས་སུ་9/11དོན་རྐྱེན་དང་འབྲེལ་ཡོད་འོག་འཛིན་བཟུང་བྱས་པ་ཞིག་ཡིན། སྤྱི་ལོ་2003ནས་ད་བར་ཨ་རིའི་དམག་དོན་ཁྲིམས་ཁང་ནས་ཁོ་པར་ཁྲིམས་ཞིབ་བྱེད་བཞིན་ཡོད་པ་རེད་འདུག ཁོ་པ་ཨོ་ས་མ་བྷིན་ལ་ཏིན་(Osama Bin Laden)གྱི་ཚོགས་པའི་ཚོགས་མི་གལ་ཆེན་ཞིག་དང་། 9/11དོན་རྐྱེན་གྱི་གཞི་རྩའི་འཆར་འགོད་པར་རང་ངོས་ནས་དང་བླངས་ཁས་ལེན་བྱེད་མཁན་ཞིག་ཆགས་ཀྱི་ཡོད། ཁོ་པ་སྤྱི་ལོ་2003ཟླ་3ཚེས་1ཉིན་ཨ་རིའི་CIAགསང་བའི་ལས་ཁུངས་དང་། པག་ཀི་སི་ཐན་ISIགསང་བའི་ལས་ཁུངས་གཉིས་མཉམ་འབྲེལ་གྱིས་འཛིན་བཟུང་བྱས་པ་ཞིག་ཆགས་ཀྱི་ཡོད།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ། ཁོ་པས་བྲིས་པའི་འཕྲིན་ཡིག་དེ་ཉིད་ཀྱི་ཐོག་ཏུ་བཀོད་པའི་ཟླ་ཚེས་ནི་སྤྱི་ལོ་2015ཟླ་1ཚེས་8ཉིན་ཡིན་འདུག འོན་ཀྱང་། ལོ་གཉིས་ཀྱི་རྗེས་སུ་གཞི་ནས་འཕྲིན་ཡིག་དེ་ཉིད་ཕོ་བྲང་དཀར་པོར་འབྱོར་ཡོད་ཚུལ་བརྗོད། དེ་ཡང་མཐར་ཨ་རིའི་གྷོན་ཊེ་ན་མོ་(Guantanamo)དམག་མིའི་བཙོན་ཁང་ནས་ཁོ་པས་འཕྲིན་ཡིག་དེ་ཉིད་གཏོང་ཆོག་པའི་ཆོག་མཆན་མ་སྤྲད་བར་ལུས་ཡོད་འདུག ཁོ་པའི་འཕྲིན་ཡིག་ནང་བརྗོད་དོན། “9/11དམག་འཁྲུག་དེ་ཉིད་ང་ཚོས་འགོ་བཙུགས་པ་ཞིག་མིན་ཞིང་། དམག་འཁྲུག་དེ་ཉིད་འགོ་བཙུགས་མཁན་ནི་ཁྱེད་དང་ང་ཚོའི་ས་ཐོག་ཏུ་ཡོད་པའི་ཁྱེད་ཀྱི་གཅིག་བསྡུས་དབང་འཛིན་པ་དེ་དག་རེད།”ཅེས་བརྗོད་འདུག

ཨ་རིའི་དྲག་སྤྱོད་འབྲེལ་ཡོད་བཙོན་པ་ཁ་ལེ་ཏི་ཤེག་མོ་ཧཱ་མ་ཏི།@Khalid Shaikh Mohammad

ད་དུང་ཁོ་པས་9/11ཉིན་གྱི་སྐོར་ལ་བརྗོད་དོན། “ལས་དབང་གི་གལ་གནད་དུ་ཁེལ་བའི་གནམ་གྲུ་བཙན་ཁྲིད་བྱས་པའི་ཉིན་དེར། དཀོན་མཆོག་གིས་ཀྱང་ཁོང་ཚོའི་ཕྱོགས་སུ་བཞེངས་ཡོད་ཅིང་། གནམ་གྲུ་དེ་དག་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་ཀྱི་ཁང་རྩེག་དེ་གཉིས་ཀྱི་ཕྱོགས་དང་། ཨ་རིའི་བདེ་སྲུང་ལྷན་ཁང་པེན་གྲ་གྷོན་(Pentagon)གྱི་ཕྱོགས་སུ་ཁྲིད་ཡོད།”ཅེས་བརྗོད། གཞན་ད་དུང་ཁོ་པས་སྐབས་དོན་འབྲེལ་ཡོད་ཨ་རིའི་དཔལ་འབྱོར་དང་དབང་ཤུགས་ཀྱི་གནད་དོན་སྐོར་གླེང་དོན། “དཀོན་མཆོག་ཨ་ལཱ་ཡིས་9/11ཉིན་ང་ཚོར་རོགས་སྐྱོར་གནང་སྟེ་ཨ་རིའི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་གཏོར་རྒོལ་གཏོང་རྒྱུ་དང་། ཁོང་ཚོའི་གོས་ཐུང་པུས་མོ་བར་ཕུད་དེ་འཇུ་བཟུང་བྱ་རྒྱུའི་རོགས་སྐྱོར་གནང་ཡོད། མ་ཟད། ཡུན་རིང་དག་སྣང་ངང་རང་ཉིད་དམངས་གཙོ་དང་རང་དབང་གི་བདག་པོ་ཡིན་སྐོར་ཁ་གཡང་སྒྲོག་བཞིན་པ་དེ་ཉིད་ཕྱིར་བསྒྲགས་གསལ་སྟོན་བྱས་ཡོད།”ཅེས་བྲིས་ཡོད་འདུག

ད་དུང་ཁོ་པས་ལོ་རྒྱུས་ལ་གཞི་སྦྱར་ཏེ་ཨ་རིའི་ནག་ཉེས་རིམ་པས་བགྲངས་དོན་གྱི་དཔེ་མཚོན་འགའ་ནི། “གདུག་རྩུབ་ཆེ་བའི་ཝེ་ཏེ་ནམ་དམག་གི་སྡེབ་གསོད་ནས་བཟུང་། ཉི་ཧོང་གི་ཧི་རོ་ཤི་མ་དང་ན་ཁ་ས་ཁིར་རྡུལ་མཚོན་གཡུགས་པ། དེ་བཞིན་པེ་ལི་སི་ཏྲིན་(Palestine)གྱི་དུས་ངན་རྒྱབ་བསྐྱུར་ཐོག་འཇེའུ་མི་རིགས་ཀྱི་བཙན་བཟུང་འོག་ཡོད་པའི་ཨི་ཛི་རལ་(Israel)ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།”ཅེས་བརྗོད་འདུག  ད་དུང་། ཡི་གེ་དེའི་འགོ་བྱང་གི་དུམ་མཚམས་དང་པོའི་ནང་དུ་བྲིས་དོན། “ཁྱེད་ཚོས་གྷ་ཛར་(Gaza)ང་ཚོའི་མིང་སྲིང་དང་ཕྲུ་གུ་དང་བཅས་པ་བསད་པའི་ལག་པ་ནི་ད་དུང་ཡང་ཁྲག་རལ་གྱིས་བརླན་ནས་ཡོད།”ཅེས་བརྗོད།

བྷིན་ལ་ཏིན་འཇབ་རྒོལ་དམར་གསོད་གསང་བའི་ལས་གཞིའི་སྐབས་དངོས་སུ་མེ་མདའ་རྒྱག་མཁན་གྱི་ཆེད་ལས་དམག་མི། ཁོ་པས་ཆེད་ལས་དམག་མིའི་གསང་བའི་ཁྲིམས་ལས་བརྒལ་ཏེ་རང་ཉིད་ཀྱིས་བྷིན་ལ་ཏིན་བསད་པ་ཡོངས་ཁྱབ་བྱས་ཡོད།

ཁོ་པས་བསྐུར་བའི་འཕྲིན་ཡིག་དེ་ཉིད་དང་ལྷན་ཤོག་གྲངས་51ཡོད་པའི་རྩོམ་ཡིག་གི་མ་ཡིག་ཅིག་ཀྱང་བསྐུར་ཡོད་འདུག རྩོམ་ཡིག་དེའི་ཁ་བྱང་དུ་བཀོད་དོན། “ནམ་ཞིག་གཞུང་དམག་གིས་རང་ཉིད་སྲོག་ཐོག་ཏུ་གཏོང་རྒྱུའི་ཐག་ཆོད་འབྱུང་སྐབས་ང་རང་ཤི་དགོས་སམ།/འཆི་བའི་དོན་དངོས།”ཞེས་དང་། འཆི་བ་ནི་སྐེར་བསྐོན་རྒྱུའི་དཔྱང་ཐག་དེའི་འཆར་ཡན་ཞིག་རེད།”ཅེས་བརྗོད་འདུག ད་ལྟའི་ཆར་ཁོ་པར་སྲོག་ཐོག་གི་ཉེས་ཆད་འཕོག་ངེས་པར་བརྗོད་ཅིང་། ཨ་རིའི་སྐབས་དེའི་གནམ་གྲུ་བཙན་ཁྲིད་གཏོར་རྒོལ་དང་། མི་གྲངས་3000ལྷག་དམར་གསོད་ཀྱི་ཉེས་པ་ཕོག་ཀྱི་ཡོད། ད་དུང་། ཁོ་པས་བརྗོད་དོན། “ང་ནི་ཤི་རྒྱུར་ཞེད་ཀྱི་མི་འདུག ངས་ཤི་རྒྱུའི་སྐོར་ལ་དགའ་དགའ་སྤྲོ་སྤྲོའི་ངང་སྐད་ཆ་ཤོད་ཀྱི་ཡོད།”ཅེས་བརྗོད།

མོ་ཧཱ་མ་ཏིར་སྤྱི་ལོ་2003ལོར་ཨ་རིའི་CIAཕྱི་རྒྱལ་དུ་ཡོད་པའི་གསང་བའི་བཙོན་ཁང་དུ་འདྲི་རྩད་མི་སྣས་ཁོ་པའི་ངོ་གདོང་རས་ཀྱིས་བཀབ་སྟེ་དེའི་ཐོག་ཆུ་བླུགས་པའི་གདུག་སྦྱོང་ཐེངས་183བཏང་བར་བརྗོད། གདུག་སྦྱོང་དེ་ནི་ཆེས་གདུག་རྩུབ་ཆེ་བའི་གདུག་སྦྱོང་གཏོང་ཚུལ་དུ་ངོས་འཛིན་བྱེད་ཀྱི་ཡོད། དེར་དབྱིན་སྐད་དུ་waterboardingཞེས་བརྗོད། ཁོ་པས་འཕྲིན་ཡིག་དེའི་ནང་དུ་ཚེ་བཙོན་ཐད་བརྗོད་དོན།“གལ་སྲིད་ཁྱེད་ཀྱི་ཁྲིམས་ཁང་གིས་ང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ན་ང་རང་དགའ་པོ་ཡོང་བར་ངེས། དེ་དུས་ང་རང་གཅིག་པུར་རང་ཉིད་ཀྱི་བཙོན་ཁང་གི་ཁང་མིག་དེའི་ནང་དུ་དཀོན་མཆོག་ཨཱ་ལར་གསོལ་འདེབས་ཞུས་ནས་སྡོད་ཀྱི་ཡིན། ངས་སྐབས་དེར་དཀོན་མཆོག་ལ་འགྱོད་བཤག་དང་རང་ཉིད་ཀྱིས་ལས་ངན་བྱས་པ་དག་གི་སྡིག་སྦྱོང་བྱས་ནས་སྡོད་རྒྱུ་ཡིན།”ཞེས་བརྗོད་འདུག

ཨ་རིའི་ཝལ་སི་ཊི་ཀྲི་Wallstreet Journalགསར་ཁང་གི་གསར་འགོད་པ་པི་རལ། @Daniel Pearl སྤྱི་ལོ་2002ལོར་དྲག་སྤྱོད་པས་སྐེ་བཅད་དེ་བསད་པར་གྲགས།

ད་དུང་ཁོ་པས་བརྗོད་རྒྱུར། “གལ་སྲིད་ཁྱེད་ཀྱི་ཁྲིམས་ཁང་གིས་ང་རང་སྲོག་ཐོག་གཏོང་རྒྱུ་ཡིན་ཚེ་དེ་བས་ང་རང་དགའ་སྤྲོ་ཆེ། གང་ཡིན་ཞེ་ན་སྐབས་དེར་འཛམ་གླིང་ཁྱོན་ན་དྲང་བདེན་མེད་པའི་གནས་སྟངས་འོག་ནས་དམར་གསོད་ཕྱིན་པའི་རང་ཉིད་ཀྱི་སྤུན་གྲོགས་དེ་དག་དང་ཐུག་འཕྲད་བྱ་རྒྱུ་ཡོང་གི་རེད་ལ། དཀོན་མཆོག་དང་མཇལ་བའི་དུས་སྐབས་ཤིག་ཀྱང་རེད། སྒོས་སུ་གཙོ་བདག་ཨོ་ས་མ་བྷིན་ལ་ཏིན་ཡང་མཇལ་འཕྲད་ཡོང་གི་རེད།”ཅེས་བརྗོད་འདུག བྷིན་ལ་ཏིན་ནི་སྤྱི་ལོ་2011ལོར་ཨ་རིའི་གློ་བུར་བའི་འཇབ་རྒོལ་འོག་པག་ཀི་སི་ཐན་གྱི་ནང་ནས་རང་ཉིད་ཀྱི་སྡོད་ཁང་གི་ནང་དུ་དམར་གསོད་བཏང་ཡོད།

ཁོ་པ་སྤྱི་ལོ་2007གྱི་དམག་གི་ཁྲིམས་རའི་ནང་དུ་ཁྲིད་མ་ཡོང་བའི་སྔོན་དུ་ཁོ་པས་བརྗོད་དོན། “9/11དོན་རྐྱེན་གྱི་གྲ་སྒྲིག་འཆར་འགོད་ཀ་ནས་ཨ་བར་ངས་བྱས་པ་ཡིན། ད་དུང་། དོན་རྐྱེན་དེ་རིགས་དུ་མ་ཞིག་གི་ནང་དུ་རང་ཉིད་ཀྱིས་གཙོ་འགན་བླངས་ཡོད། དེའི་ཐོག་ཨ་རིའི་ཝལ་སི་ཊི་ཀྲི་(Wallstreet Journal)གསར་ཁང་གི་གསར་འགོད་པ་པི་རལ་(Daniel Pearl)གྱི་མགོ་བོ་རང་ཉིད་ཀྱི་བྱིན་རླབས་ལྡན་པའི་ལག་པ་དེས་གཏུབས་པ་ཡིན།”ཞེས་ཁོ་པའི་རྩོམ་ཡིག་དེའི་ནང་དུ་བཀོད་ཡོད་པ་རེད་འདུག སྤྱི་ལོ་2008ལོར་མི་དམངས་ཀྱི་དབུས་སུ་ཁྲིམས་རར་ཐོན་སྐབས་ཁོ་པས། སྔོན་ལ་དབྱི་སི་ལམ་ཆོས་ལུགས་ཀྱི་གསུང་རབ་ཅུང་ཙམ་བཏོན་རྗེས་བརྗོད་དོན། “དེ་རིང་གི་ཉིན་མོ་ནི་ང་རང་9/11དོན་རྐྱེན་གྱི་དཔའ་བོ་ཆགས་རྒྱུ་ཡིན་པས་ཉིན་མོ་འདི་ཉིད་དགའ་བས་བསུ་གི་ཡོད།”ཅེས་བརྗོད་འདུག དེ་ནས་ལོ་གཅིག་གི་རྗེས་སུ་ཁོ་པས་9/11དོན་རྐྱེན་དང་འབྲེལ་ཡོད་རྩོམ་ཡིག“རྒྱལ་ཁ་བཟང་པོ།”ཞེས་པ་ཞིག་ཀྱང་བྲིས་ཡོད་པ་རེད་འདུག

ཨབ་གྷན་གྱིས་ཨུ་རུ་སུའི་བཙན་བཟུང་ལ་རྒོལ་བའི་དམག་འཁྲུག @1979-1989

ཁོ་པའི་སློབ་སྦྱོང་གི་བརྒྱུད་རིམ་ལ་བསྐྱར་ཞིབ་ཅིག་བྱས་ཚེ་འདི་ག་བོད་ཀྱི་དེ་ཕོ་གསར་ཁང་ནས་ཤེས་ཐུབ་པ་ནི། ཁོ་པས་རྒྱལ་ཁབ་ཁག་མི་འདྲ་བ་གསུམ་ཙམ་ནང་དུ་སློབ་སྦྱོང་བྱས་འདུག་ཅིང་། མཐར་ཨ་རིའི་བྱང་ཀེ་རོ་ལི་ནའི་(Carolina)ཆོའོ་ཝན་གཙུག་ལག་སློབ་ཆེན་ནས་(Chowan University) ཞིང་ལས་ཚན་རྩལ་རབ་འབྱམས་པའི་ལག་ཁྱེར་དང་། སྤྱི་ལོ་1986ལོར་གཙུག་ལག་སློབ་ཆེན་དེ་ནས་བཟོ་བསྐྲུན་འཆར་འགོད་པའི་ལག་ཁྱེར་བླངས་འདུག ཁོ་པས་དབྱིན་སྐད་ཚུད་པའི་སྐད་རིགས་མི་འདྲ་བ་ལྔ་ཙམ་ཤེས་ཀྱི་ཡོད་པར་བརྗོད་པ་དང་། ཁོ་པ་སྤྱི་ལོ་1965ཟླ་4ཚེས་14ཉིན་པག་ཀི་སི་ཐན་གྱི་རྒྱུན་དུ་ས་ཡོམས་བྱུང་སའི་ས་གནས་བྷེ་ལོ་ཆི་སི་ཐན་(Balochistan)དུ་སྐྱེས་པར་བཤད། རང་ལོ་16ཐོག་ཁ་ཆེའི་སྤུན་ཟླའི་ཚོགས་པར་ཞུགས། སྤྱི་ལོ་1986ལོར་ཨ་རི་ནས་མཐོ་སློབ་མཐར་ཕྱིན་རྗེས་སླར་པག་ཀི་སི་ཐན་དུ་ལོག་ནས་ཨབ་གྷན་གྱི་ནང་དུ་འགྲོ་བཞིན་པའི་ཨུ་རུ་སུའི་བཙན་བཟུང་ལ་རྒོལ་བའི་དམག་འཁྲུག་ནང་དུ་ཞུགས། དམག་འཁྲུག་དེ་ཉིད་ལོ་ཡུན་དགུ་ལྷག་(1979-1989)གནས་འདུག  དེ་གར་ཁོ་པས་ཁ་ཆེའི་རྒོལ་དམག་དྲག་སྦྱོང་རུ་ཁག་ནང་དུ་དམག་སྦྱོང་བྱས། མ་ཟད། ཨབ་གྷན་གྱི་ནང་དུ་ཡོད་པའི་ཨབ་གྷན་རང་དབང་མཐུན་ཚོགས་ཀྱི་དུས་དེབ་རྩོམ་སྒྲིག་པའི་འགན་འཁུར་བྱས་འདུག

སྤྱི་ལོ་1992ལོར་ཁོ་པས་པག་ཀི་སི་ཐན་གྱི་པན་འཇབ་གཙུག་ལག་སློབ་ཆེན་(Punjab University,Pakistan)ནས་ལས་ཞོར་དུ་ཞིབ་འཇུག་སློབ་མའི་ལག་ཁྱེར་ཡང་བླངས་འདུག སྤྱི་ལོ་1993ལོར་ཁོ་པ་གཉེན་སྒྲིག་བྱས་ཏེ་ཨ་རབ་རྒྱལ་ཁབ་ཅུང་འབྱོར་པ་ཆེ་གྲས་ཁ་ཏར་(Qatar)དུ་གནས་སྤོས་བྱས། དེ་གར་ཁ་ཏར་གཞུང་ཆུ་གློག་ལྷན་ཁང་གི་ལས་གཞིའི་དོ་དམ་འགན་འཛིན་གྱི་གོ་གནས་བླངས། དུས་དེ་ནས་ཁོ་པས་འཛམ་གླིང་གི་ཡུལ་གྲུ་གང་སར་འགྲུལ་བཞུད་བྱ་འགོ་བརྩམས་འདུག ཝིག་ཀི་རིག་མཛོད་ལྟར་ན་ཁོ་པས་ཨ་རིར་མི་དགའ་བའི་རྐྱེན་གནད་ཆེས་ཐོག་མ་ཞིག་ནི་པ་ལི་སི་ཏྲིན་(Palestine)གྱི་དཀའ་ངལ་དང་འབྲེལ། ཨ་རིས་ལྡོག་ཕྱོགས་ནས་ཨི་ཛི་རལ་ལ་རོགས་རམ་བྱས་པའི་རྐྱེན་གྱིས་མཐོ་སློབ་འགྲིམས་དུས་ཀྱི་སྙིང་ནད་ཐོག་མ་དེ་ཆགས་ཡོད་སྐོར་བརྗོད། ད་དུང་། ཁོ་པ་ཨ་རིར་བསྡད་སྐབས་ཨ་རིའི་མི་དང་འབྲེལ་འདྲིས་བྱས་པ་ཧ་ཅང་དཀོན་ཞིང་། རྒྱུན་དུ་ཁོ་པའི་བསམ་ཚུལ་དུ་ཨ་རིའི་མི་རྣམས་ནི་རིགས་རུས་དེད་ནས་དབྱེ་འབྱེད་བྱེད་མཁན་ཞིག་དང་། ཀུན་སྤྱོད་བྲལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གླེང་།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།