ཁེ་ན་གྲའི་ཁ་ཆེའི་ལྷ་ཁང་དུ་དྲག་སྤྱོད། – ཐད་སྤེལ།

0
82

ཁེ་ན་གྲ།  ཁུ་བྷེག་གྲོང་ཁྱེར། སྤྱི་ལོ་2017ཟླ་1ཚེས་30ཉིན། ད་ལྟ་རྒྱལ་སྤྱིའི་BBCགསར་ཁང་སོགས་ཀྱིས་ཐད་གཏོང་བྱེད་བཞིན་པ་ནི། ཁེ་ན་གྲའི་གྲོང་ཁྱེར་ཁུ་བྷེག་(Quebec City)ཅེས་པའི་ནང་ཁ་ཆེའི་ལྷ་ཁང་ཞིག་ཏུ་མེ་མདའ་གང་བྱུང་བརྒྱབས་ཏེ་མི་གསོད་དྲག་སྤྱོད་དོན་རྐྱེན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཆུ་ཚོད་འགའི་སྔོན་དུ་ཁེ་ན་གྲར་མཚོན་ན་རེས་གཟའ་ཉི་མ་དང་། ཁ་ཆེའི་ལྷ་ཁང་དེར་ཁ་ཆེ་བ་རྣམས་རེས་གཟའ་ཉི་མའི་དགོང་དྲོའི་སྨོན་ལམ་འདོན་པར་འདུ་འཛོམས་བྱས་པའི་སྐབས་གློ་བུར་དྲག་སྤྱོད་པ་འགས་མེ་མདའ་གང་བྱུང་བརྒྱབས་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལྟའི་ཆར་གཏན་ཁེལ་བྱུང་བ་ནི་མི་གྲངས་6དམར་གསོད་ཕྱིན་ཡོད་པ་དང་། མི་གྲངས་8ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག ཁེ་ན་གྲའི་སྲིད་བློན་ཇེ་སི་ཏྲིན་(Justin Trudeau)གྱིས་བརྗོད་དོན། དེ་ནི་དྲག་སྤྱོད་པའི་བྱ་འགུལ་ཞིག་ཡིན་པར་ཁྱབ་བསྒྲགས་བྱས་ཤིང་། དེ་གའི་ཉེན་རྟོག་པས་ཀྱང་དྲག་སྤྱོད་པའི་གཏོར་སྐྱོན་ཡིན་པ་ཐག་ཆོད་ཁྱབ་བསྒྲགས་བྱས་སོང་། ད་ལྟའི་ཆར་དྲག་སྤྱོད་དེའི་འབྲེལ་ཡོད་མི་སྣ་གཉིས་འཛིན་བཟུང་བྱས་ཟིན་འདུག་ཅིང་། ཁོང་གཉིས་ལ་འདྲི་རྩད་བྱེད་བཞིན་ཡོད་འདུག

དོན་རྐྱེན་བྱུང་སའི་ཉེ་འཁོར་དུ་ཉེན་རྟོག་པས་སྐོར་སྐྱོད་བྱེད་བཞིན་པ།

དེ་གའི་ཉེན་རྟོག་པས་བརྗོད་དོན། “ད་ལྟའི་ཆར་དོན་རྐྱེན་བྱུང་སའི་ཁ་ཆེའི་ལྷ་ཁང་གི་ཉེ་འཁོར་ཀུན་སྟངས་འཛིན་བྱས་ཟིན།” ཞེས་བརྗོད། ཉེན་རྟོག་ལྷན་ཁང་གི་མགྲིན་ཚབ་པས་བརྗོད་དོན། “ད་ལྟའི་ཆར་འབྲེལ་ཡོད་དོགས་ཡོད་མི་སྣ་གཉིས་འཛིན་བཟུང་བྱས་ཟིན་མོད། འདྲི་རྩད་ཀྱི་བརྒྱུད་རིམ་སྐོར་སྐད་ཆ་གང་ཡང་ཤོད་རྒྱུ་མེད།”ཅེས་བརྗོད་སོང་། ད་ལྟའི་ཆར་གཞུང་བདེ་སྲུང་ལས་བྱེད་མི་སྣས་གནད་དོན་དེའི་ཐད་བརྟག་དཔྱད་ཞིབ་འཇུག་བྱེད་མུས་དང་། ཁོང་ཚོས་བརྗོད་དོན། “དྲག་སྤྱོད་དེ་ནི་དངོས་གནས་སྙིང་ན་དགོས་པ་ཞིག་རེད། མཉམ་འདུས་དང་རིག་གཞུང་ཀུན་ལ་གུས་བཀུར་བྱེད་རྒྱུ་ནི་ང་ཚོའི་སྟོབས་ཤུགས་ལ་ངོས་འཛིན་བྱེད་བཞིན་ཡོད།”ཅེས་བརྗོད།

གནས་ཚུལ་དེ་ནི་ཁེ་ན་གྲའི་སྲིད་བློན་ཇེ་སི་ཏྲིན་(Justin Trudeau)གྱིས་ཉིན་གཅིག་སྔོན་དུ་ཨ་རིས་ཁ་ཆེའི་སྐྱབས་བཅོལ་བ་བཀག་སྡོམ་བྱས་ཀྱང་། ཁེ་ན་གྲར་ཡོང་རྒྱུར་ང་ཚོས་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད་པའི་རྗེས་ཏག་ཏག་ཏུ་བྱུང་ཡོད། གནད་དོན་དེའི་ཐད་ཆབ་སྲིད་དཔྱད་བརྗོད་པ་དུ་མས་བགྲོ་གླེང་བྱེད་མུས་དང་། དྲག་སྤྱོད་དེའི་ཀུན་སློང་དངོས་གང་ཡིན་རྩད་གཅོད་བྱ་མུས་རེད་འདུག ཁེ་ན་གྲའི་གྲོང་ཁྱེར་དེ་གའི་གཞུང་འཛིན་འགོ་དཔོན་གྱིས་བརྗོད་གསལ། “གནད་དོན་དེ་ནི་བཟོད་ཐབས་དཀའ་བའི་དྲག་སྤྱོད་ཀྱི་དོན་རྐྱེན་ཞིག་རེད། ང་ཚོས་ནམ་ཡང་ཁ་ཆེ་བའི་སྤུན་ཟླ་ཚོ་དང་ཆིག་སྒྲིལ་མཉམ་གནས་ཡོད།”ཅེས་བརྗོད་སོང་།

ཁེ་ན་གྲའི་སྲིད་བློན་གྱིས་གནམ་ཐང་དུ་སེ་རི་ཡའི་སྐྱབས་བཅོལ་པ་སྣེ་ལེན་ཞུ་བར་ཡོང་སྐབས་དེ་གའི་འབྲེལ་ཡོད་ལས་བྱེད་པ་དང་ལྷན།

འདས་ལོའི་སྤྱི་ཟླ་6ནང་ཁ་ཆེའི་ལྷ་ཁང་དེའི་སྒོ་མདུན་དུ་ཕག་མགོ་ཞིག་དང་ཤིས་ཚིག་གི་ཤོག་བྱང་ཞིག་བཞག་ཡོད་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད་འདུག དོན་རྐྱེན་བྱུང་བ་དངོས་སུ་མཐོང་མཁན་གྱི་མིས་དབྱིན་ཇིའི་རུ་ཀྲར་གསར་ཁང་ལ་བརྗོད་རྒྱུར། “དོན་རྐྱེན་དེའི་ནང་མེ་མདའ་ཁུར་བའི་མི་གསུམ་འདུག”ཅེས་བརྗོད་འདུག ཁ་ཆེའི་ལྷ་ཁང་དེ་བཞིན་དེ་གའི་ཁ་ཆེའི་ཆོས་ཚོགས་ཤིག་གིས་སྟངས་འཛིན་བྱེད་ཀྱི་འདུག་པ་དང་། ཁོང་ཚོའི་ངོ་དེབ་མདུན་ཤོག་ཏུ་བརྗོད་དོན། “ཁྱེད་ཅག་དུ་མ་ཞིག་གིས་ཐུགས་གསོའི་འཕྲིན་ཡིག་འབྱོར་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་གི་ཡོད། གཞན་མང་ཚོགས་རྣམས་ཀྱིས་གནད་དོན་གཏན་ཁེལ་མ་འབྱུང་བར་དཀྲོག་གཏམ་གང་བྱུང་མ་སྤེལ་བའི་རེ་སྐུལ་ཞུ་གི་ཡོད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།