ཨོ་སི་ཁྲུ་ལི་ཡར་མཚོ་རླུང་དྲག་འཁོར་མའི་ཉེན་བརྡ།- ཡུལ་མི་གནས་སྤོས་བྱེད་བཞིན་པ།

0
151

ཨོ་སི་ཁྲུ་ལི་ཡ། ཁུན་སི་ལན་ཊི། སྤྱི་ལོ་2017ཟླ་3ཚེས་27ཉིན། ད་ལྟ་ཨོ་སི་ཁྲུ་ལི་ཡའི་(abc)གསར་ཁང་དང་། རྒྱལ་སྤྱིའི་(BBC)གསར་ཁང་སོགས་ཀྱིས་ཐད་གཏོང་བྱེད་བཞིན་པའི་གནས་ཚུལ་ཞིག་ནི། དེ་རིང་སྔ་དྲོ་ནས་ཨོ་སི་ཁྲུ་ལི་ཡའི་མཚོ་ཁའི་མངའ་སྡེ་ཁུན་སི་ལན་ཊིར་(Queensland)མཚོ་རླུང་དྲག་འཁོར་མའི་འཇིགས་པ་ཡོང་རྒྱུར་ཉེན་བརྡ་གཏོང་བཞིན་ཡོད་པ་དང་། མངའ་སྡེ་དེ་གའི་བྱང་ཁུལ་གྲོང་ཁྱེར་ཁག་གི་གྲོང་མི་རྣམས་གཞུང་གིས་བདེ་འཇགས་ཀྱི་ས་གནས་གཞན་ཁག་ཏུ་ཛ་དྲག་ངང་གནས་སྤོའི་རོགས་རམ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག

ད་ལྟའི་ཆར་ཁུན་སི་ལན་ཊི་མངའ་སྡེའི་བྱང་ཁུལ་གྲོང་ཁྱེར་ཁག་གི་མི་གྲངས་སྟོང་ཕྲག་དུ་མ་བདེ་འཇགས་ས་གནས་སུ་བསྐྱལ་ཟིན་འདུག་ཅིང་། ཉེན་རྟོག་པ་དང་མེ་གསོད་བདེ་འཇགས་རུ་མིས་ཁྱིམ་ཚང་རེ་རེའི་སྒོ་ཁར་ཕྱིན་ནས་བདེ་འཇགས་ས་གནས་སུ་འགྲོ་དགོས་རྒྱུའི་རེ་འདུན་འདོན་བཞིན་ཡོད་པ་རེད་འདུག འོན་ཀྱང་། ད་ལན་ནི་སྔར་དང་མི་འདྲ་བར་ས་ཁུལ་དེ་དག་གི་གྲོང་མི་དུ་མ་ཞིག་གིས་རང་ཉིད་ཀྱི་འདོད་མོས་གཙོར་བཟུང་བྱས་ཏེ། རྩ་ཕད་ཀྱི་ནང་དུ་བྱེ་མ་བླུགས་ནས་གང་སར་མཚོ་རླུང་གི་ཉེན་འགོག་བྱེད་རྒྱུར་གྲ་སྒྲིག་བྱེད་བཞིན་པ་དང་། སྒོ་དང་སྒེའུ་ཁུང་སོགས་འགྱིག་པང་གིས་བགེབས་བཞིན་ཡོད་པ་རེད་འདུག ཁོང་ཚོས་བརྗོད་དོན་ད་ཐེངས་ང་ཚོས་བྲོས་འགྲོ་གི་མིན་ལ་ང་ཚོས་མཚོ་རླུང་དྲག་པོ་དེར་གདོང་ལེན་བྱ་གི་ཡིན་ཞེས་བརྗོད་བཞིན་འདུག

རྩ་ཕད་ནང་དུ་བྱེ་མ་བླུགས་ནས་ཉེན་འགོག་གྲ་སྒྲིག་བྱེད་བཞིན་པ། ཁོང་ཚོ་མཚོ་རླུང་ལ་གཡོལ་འདོད་མེད་པ་དེ་དག་རེད། #Queeensland, AU

ཨོ་སི་ཁྲུ་ལི་ཡའི་གནམ་གཤིས་ཞིབ་འཇུག་ལྟེ་གནས་ཁང་(BOM)གི་ཉེན་བརྡའི་ནང་དུ་གསལ་དོན། “ད་ལན་གྱི་མཚོ་རླུང་དྲག་པོ་དེ་ནི་འདས་པའི་སྤྱི་ལོ་2011ནས་བརྩིས་ན་ཆེས་ཛ་དྲག་ཤོས་དེ་ཉིད་ཆགས་ཉེན་འདུག དྲག་རླུང་གི་མྱུར་ཚད་ཆུད་ཚོད་གཅིག་ལ་སྤྱི་ལེ་240མྱུར་ཚད་དུ་ཡོང་རྒྱུ་དང་། མཚོ་རླབས་ཀྱི་མཐོ་ཚད་མི་ཊར་4-8ཡོང་ཉེན་ཡོད།”ཅེས་བརྗོད། འོན་ཀྱང་། ད་ལྟ་ཆུ་ཚོད་གསུམ་ཙམ་སྔོན་ནས་མག་ཀའེ་(Mackay)གྲོང་ཁྱེར་ནང་དུ་ཆར་རླུང་འཚུབ་ཅིང་། ཉེན་ཚབས་ཀྱི་གནད་དོན་རིམ་གྱིས་འཕེལ་ཉེན་ཡོད་པར་འགྱུར་བཞིན་འདུག

ཉེན་རྟོག་པས་ས་གནས་དེ་ཁུལ་གྱི་ཡུལ་མིར་ཕྱིར་འཐེན་བྱས་ཏེ་བདེ་འཇགས་ས་གནས་སུ་འགྲོ་རྒྱུར་སྐུལ་མ་བྱེད་བཞིན་པ། #Queeensland, AU

གོང་གི་ཞིབ་འཇུག་ལྟེ་གནས་ཁང་གི་ཚོད་དཔག་ལ་གཞིགས་ན། སང་ཉིན་རེས་གཟའ་མིག་དམར་ཉིན་ས་གནས་དེ་གའི་ཞོགས་པ་ཆུ་ཚོད་8:00ཐོག་བྷོ་ཝིན་(Bowen)གྲོང་ཁྱེར་དུ་མཚོ་རླུང་འབྱུང་ཉེན་ཡོད་པར་བརྗོད་ཅིང་། ཕྱི་དྲོ་2:00ཐོག་ཏུའང་ཊོན་སི་ཝི་ལི་(Townsville)གྲོང་ཁྱེར་གྱི་ཤར་ཕྱོགས་སུ་མཚོ་རླུང་ཡོང་རྒྱུ་ཡིན་པར་བརྗོད། མ་ཟད། མཚོ་རླུང་གི་མྱུར་ཚད་ཆུ་ཚོད་གཅིག་ལ་སྤྱི་ལེ་355བར་ཟིན་འཆར་ཡོད་པར་བརྗོད་ཅིང་། གོང་གི་བྷོ་ཝིན་གྲོང་ཁྱེར་དུ་མཚོ་རླུང་གི་མྱུར་ཚད་ཆུ་ཚོད་གཅིག་ལ་སྤྱི་ལེ་215ཟིན་ཉེན་ཡོད་པར་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།