ཨེ་ཤི་ཡའི་མངའ༌ཁུལ་གྱི་ཨ་མི་རི་ཀའི་དབང་ཤུགས་ལ་རྒྱ་ནག་གིས་ཁ་གཏད་ཇི༌ལྟར༌གཅོག་བཞིན་ཡོད་པ།

0
1875

བོད་ཀྱི་དེ་ཕོ་ཕྱི་འབྱོར་རྩོམ་ཡིག
རྩོམ་པ་པོ། མག་སི་ཧྥི་ཤར་ Max Fisher དང་།
ཨོད་རེ་ཁལ་སེན།Audrey Carlsen
རྫ་ཆུའི་ཉི་འོད་ཀྱིས་བསྒྱུར།

རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་སོང་བར་བརྟེན། མི་ལོ་བཅུ་ཕྲག་རིང་གི་ལོ་རྒྱུས་ལྡན་པའི་ཨ་རིའི་དབང་ཤུགས་གླིང་ཆེན་ཨེ་ཤི་ཡ་ནས་རིམ་པས་མཐཪ་སྐྲོད་བྱེད་ཀྱིན་ཡོད་ཅིང་། འགྲན་རྩོད་དེའི་ཕྱི་ཚུལ་ཉིད་ནས་གླིང་ཆེན་ཨེ་ཤི་ཡའི་འབྱུང་འགྱུར་ལ་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་རེད། ང་ཚོས་ཆེད་ལས་མཁས་པ་དུ་མར་འདས་པའི་ལོ་ལྔའི་རིང་དབང་ཆ་ཇི་ཙམ་བརྗེ་ལེན་ཐེབས་ཡོད་པའི་སྐོར་བཀའ་འདྲི་ཞུས་ཡོད།

སྟོབས་ཆེན་རྒྱལ་ཁབ་དེ་གཉིས་ཀྱིས་འཛམ་གླིང་གི་མི་འབོར་ཆེས་མང་ཤོས་ཀྱི་གླིང་ཆེན་ཨེ་ཤི་ཡའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྒྲོམ་གཞིའི་བཟོ་ལྟ་བསྐྱར་སྐྲུན་བྱེད་པར་བརྩོན་བཞིན་ཡོད་པ་ཡིན། ཨ་རིའི་དྲག་པོའི་དཔུང་ཤུགས་ད་དུང་ཨེ་ཤི་ཡའི་ནང་དུ་འབུར་དུ་ཐོན་ཡོད་མོད། འོན་ཀྱང་རྒྱ་ནག་གིས་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་སྤྱད་དེ་ཨ་རིའི་མནའ་མཐུན་རྒྱལ་ཁབ་ཨིན་ཌོ་ནེ་ཤི་ཡ་དང་ཧྥི་ལི་ཕིན་སོགས་རང་ཕྱོགས་སུ་འགུག་བཞིན་ཡོད་ལ་གླིང་དེའི་སྲིད་དབང་བསྐྱར་སྒྲིག་བྱེད་ཀྱིན་ཡོད་པ་རེད།

རྒྱ་ནག་གི་ཕྱོགས་སུ་དབང་ཆ་འཕོ་བཞིན་པ་ནི་ཕལ་ཆེར་སྲིད་འཛིན་ཊོམ་གྱི་ལས་ཡུན་ལ་ཤུགས་ཇེ་ཆེར་སོང་ཡོད། འགྱུར་སྐྱེན་པའི་སྲིད་འཛིན་ཊོམ་གྱི་ཕྱི་འབྲེལ་སྲིད་ཇུས་དང་ཚོང་འབྲེལ་གན་རྒྱ་མང་པོར་རྩིས་མེད་བཏང་བའི་རྐྱེན་གྱིས་ཨེ་ཤི་ཡའི་རྒྱལ་ཁབ་དག་གིས་རང་རང་གི་ཐབས་ཇུས་ལ་བསམ་བློ་བསྐྱར་གཏོང་མི་བྱེད་ཐབས་མེད་བྱུང་ཡོད། གཟའ་ཕུར་བུའི་ཉིན་ཨ་རི་མ་ཐེ་བའི་རྒྱལ་ཁབ་བཅུ་གཅིག་གིས་ཚོང་འབྲེལ་གྱི་གན་རྒྱ་གསར་བ་ཞིག་བཞག་ཡོད་པ་དེས་ཉི་ཧོང་དང་ཨོ་སི་ཊོ་ལི་ཡ་སོགས་ཀྱིས་ཨ་རི་ཡི་སྣེ་ཁྲིད་མེད་ས་ཞིག་ནས་ཇི་ལྟར་མདུན་སྐྱོད་བྱེད་ཀྱིན་ཡོད་པའི་བརྡ་ལན་གསལ་པོ་ཞིག་བསྟན་ཡོད། ཚོང་འབྲེལ་གན་རྒྱ་དེ་ནི་སྔོན་མའི་ཞི་བདེ་རྒྱ་མཚོ་ཕར་བརྒལ་གྱི་ཚོང་གྲོགས་(Trans-Pacific Deal)གན་རྒྱའི་ཚབ་ཡིན་པ་རེད།   ཨེ་ཤི་ཡའི་རྒྱལ་ཁབ་དག་གིས་ད་ལྟའི་ཆར་ཨ་རི་ལས་རྒྱ་ནག་དང་ཚོང་འབྲེལ་མང་བ་བྱེད་ཀྱིན་ཡོད།

རྒྱལ༌སྤྱིའི༌ཚོང༌འབྲེལ༌གྱི༌ཁ༌ཕྱོགས༌རྒྱ༌ནག༌གི༌ཕྱོགས༌སུ༌རྒྱུ༌བཞིན༌པའི༌རྣམ༌པ། 

ཚོང་འབྲེལ་གྱི་སྙན་ཐོ་འདི་ནི་སྤྱི་ལོ་2015ལོར་འཛམ་གླིང་དངུལ་ཁང་དང་། འབྲུག་རྒྱལ་ཁབ་ཀྱི་དཔལ་འབྱོར་ལས་ཁུངས། ཐེ་ཝན་གྱི་དཔལ་འབྱོར་ལས་ཁུངས། རྒྱལ་སྤྱིའི་མ་དངུལ་རྩ་འཛུགས་ཁང་(International Monetary Fund)སོགས་ཀྱི་སྙན་ཐོ་ལས་བཏོན་པའི་ཨེ་ཤི་ཡའི་རྒྱལ་ཁབ་དག་གིས་ཨ་རི་དང་རྒྱ་ནག་ལྷན་དུ་ཚོང་འབྲེལ་བྱས་པའི་བརྒྱ་ཆའི་གྲངས་ཐོ་གཤིབ་བསྡུར་བྱས་པ་ཡིན།   ཝེད་ནམ་དང་ཐེ་ལན། བལ་ཡུལ། བྷེང་ལ་དྷེ་ཤི་སོགས་ཀྱིས་བཏོན་པ་ཞིག་ཡིན། ཨེ་ཤི་ཡའི་དབུ་ཁྲིད་ཚོས་རང་རང་གི་དཔལ་འབྱོར་གནས་བབ་ལ་ཆ་རྒྱུས་ཆེན་པོ་ཡོད་བརྟེན་རྒྱལ་ནང་གི་སྲིད་ཇུས་པེ་ཅིང་དང་བསྟུན་ཐབས་བྱེད་བཞིན་ཡོད། དེར་རྒྱ་ནག་གི་ངོས་ནས་མ་རྩའི་རོགས་རམ་བྱ་ངེས་ཀྱང་འདོད་བློ་མ་ཁེངས་ཚེ་དཔལ་འབྱོར་གྱི་ཉེས་ཆད་ཀྱང་གཏོང་གི་ཡོད་པ་རེད། འོན་ཀྱང་གོ་མཚོན་གྱི་ཚོང་འབྲེལ་གྱི་ཐད་ནས་ཨ་རི་ཡིས་མུ་མཐུད་ཨེ་ཤི་ཡའི་ཁྲོམ་རར་དབང་བསྒྱུར་བྱས་ཡོད།

གོང་གི་སྙན་ཐོ་འདི་ནི་སི་ཊོག་ཧོམ་རྒྱལ་སྤྱིའི་ཞི་བདེའི་ཉམས་ཞིབ་ཁང་(Stockholm International Peace Research Institute)གིས་སྤྱི་ལོ་2011ནས་སྤྱི་ལོ་2016བར་གྱི་ཚོད་རྩིས་བྱས་པའི་མཚོན་ཆའི་རིན་འབབ་ཡིན་པ་རེད། ཨ་རི་ནས་མཚོན་ཆ་ཉོ་མཁན་གྱི་རྒྱལ་ཁབ་ཚོས་དམག་དོན་དང་ཕྱི་འབྲེལ་སྲིད་ཇུས་ཨ་རི་ལ་བསྟུན་ནས་ཡོད་པ་དེས་དམག་ཆེན་གཉིས་པ་ནས་བཟུང་སྟེ་ཨ་རིས་ཨེ་ཤི་ཡར་བཞག་ཡའི་དམག་དོན་འབྲེལ་ལམ་གྱི་ཚད་གཞི་གསལ་ཡོད། ཝ་ཤིན་ཊོན་དང་པེ་ཅིང་གཉིས་ཀྱི་བར་དུ་ལྷག་པའི་རྒྱལ་ཁབ་ཉི་ཤུ་པོའི་ནང་ནས་མང་པོ་ཞིག་ལ་རྒྱ་ནག་གི་དཔལ་འབྱོར་དང་ཨ་རིའི་བདེ་སྲུང་གཉིས་ཀྱི་བར་ལ་གདམ་ཁ་བྱ་རྒྱུ་ནི་སྒྲུབ་ཐབས་བྲལ་བའི་བྱ་བ་ཞིག་ཡིན་པ་རེད།

“རྒྱལ་ཁབ་དེ་དག་གིས་ཕྱོགས་གང་ལའང་གདམ་ཁ་བྱ་འདོད་མེད་པ་རེད”ཅེས་བྷུརུ་ཀིན་གཙུག་ལག་སློབ་གྲྭའི་ (Brookings Institute)ཨེ་ཤི་ཡའི་ཆེད་མཁས་པ་ཏན་བི་མཱ་དན་(Tanvi Madan)ལགས་ཀྱིས་གསུངས། དེར་བརྟེན་རྒྱལ་ཁབ་ཕལ་མོ་ཆེས་སོ་སོའི་རང་བཙན་གྱི་བདག་དབང་སྲུང་སྐྱོབ་བྱས་པའི་ཐོག་ཕྱོགས་གཉིས་ཀ་ནས་ཁེ་ཕན་བཙལ་ཏེ་གཉིས་ཀར་ཕོག་ཐུག་མི་ཡོང་བའི་ཐབས་ཇུས་འཐེན་བཞིན་ཡོད་ལ་དེའི་མཇུག་འབྲས་ནི་ཕལ་ཆེར་གྲང་དམག་སྐབས་ཀྱི་ཡོ་རོབ་དང་ཧ་ཅང་ཁྱད་པར་ཆེ་བ་ཡིན།

གྲང་དམག་སྐབས་ཀྱི་ཡོ་རོབ་ནི་(ཨ་རི་དང་ཨུ་རུ་སུའི་)ཕྱོགས་གཉིས་སུ་དབྱེ་བ་གསལ་པོར་ཕྱེས་ཡོད་ཀྱང་ཨེ་ཤི་ཡ་ནི་དེ་ལས་ལྡོག་སྟེ་འཕེལ་རྒྱས་མྱུར་བའི་རྒྱ་ནག་གི་གནོན་ཤུགས་དང་དུ་ལེན་མཁན་དང་མི་ལེན་མཁན། དེ་ལ་སྙོམ་སྒྲིག་བྱེད་མཁན་སོགས་ཀྱི་སྡེ་ཁག་དུ་མར་འཐོར་བཞིན་ཡོད། ཚུལ་འདི་དག་གིས་ཨེ་ཤི་ཡའི་རྒྱལ་ཁབ་གཞན་དག་ཚོ་དང་ཕལ་ཆེར་འཛམ་བུ་གླིང་ཁྱོན་ཡོངས་ནས་ཨ་རི་དང་རྒྱ་ནག་གི་ཕྱོགས་སུ་འཛིན་པའི་ལངས་ཕྱོགས་ལ་མིག་དཔེ་འཇོག་གིན་ཡོད་པ་རེད།

རྒྱ་ནག་གི་ཁ་ཐད་ནས་དབང་ཆ་སྙོམ་སྒྲིག་བྱེད་པ།
ཉི་ཧོང་།

འཛམ་བུ་གླིང་པེ་ཅིང་གི་འདོད་ཕྱོགས་སུ་རྒྱུ་བཞིན་ཡོད་ན་ཡང་ཉི་ཧོང་གིས་རྒྱ་ནག་ཨ་རི་ལྟར་སྟོབས་ཆེན་དུ་འགྱུར་བར་ད་དུང་ལམ་ཐག་རིང་པོ་ཡོད་པར་ཡིད་ཆེས་བྱས་ནས་རྒྱ་ནག་ལ་ལྡོག་ལན་སྤྲོད་ཀྱིན་ཡོད་པ་རེད། སྟོབས་འབྱོར་ཆེ་ཤོས་ཨང་རིམ་གསུམ་པར་གྲགས་པའི་ཉི་ཧོང་རྒྱལ་ཁབ་ཀྱིས་དཔལ་འབྱོར་གྱི་ནུས་ཤུགས་དང་རང་དབང་ལྡན་པའི་དྲག་པོའི་སྟོབས་ཤུགས། ཕྱི་འབྲེལ་ཐབས་ཇུས་སོགས་ལ་བརྟེན་ནས་རྒྱ་ནག་གི་འཕེལ་རྒྱས་ལ་ཁ་གཏད་བྱེད་ཀྱིན་ཡོད།

ཉི་ཧོང་གིས་ཟུར་བཞིའི་བདེ་སྲུང་གི་གྲོས་མོལ་(The Quad)ཟེར་བའི་རྒྱ་འགོག་ཤོག་ཁག་(Anti-China)ཅིག་འཛུགས་རྒྱུར་རྩོམ་བཞིན་པའི་ནང་ཨ་རི་དང་རྒྱ་གར། ཨོ་སི་ཁྲུ་ལི་ཡ་སོགས་ཡོད་པ་རེད། ཉི་ཧོང་ནི་རྒྱ་ནག་ལ་གདོང་གཏུག་བྱེད་མཁན་ཆེ་ཤོས་དེ་ཡིན་ལ་རྒྱལ་ཁབ་གཞན་དག་ཚོར་ཉི་ཧོང་ལྟ་བུའི་དཔལ་འབྱོར་གྱི་སྟོབས་ཤུགས་ཤིག་མེད་ནའང་ཉི་ཧོང་གི་ལམ་དུ་ཞུགས་ཐུབ་པ་ཡིན།

ཁུལ་དེར་རྒྱ་ནག་ལ་གནོད་པའི་གནས་ཚུལ་གཞན་ཞིག་ཡོད་པ་ནི་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་བྱང་ཀོ་རི་ཡ་ཁེར་ཚུགས་ཇེ་ཆེར་འགྲོ་བཞིན་པ་དེ་རེད། བྱང་ཀོ་རི་ཡའི་རྡུལ་ཕྲན་དང་འབར་མདེལ་གྱི་ཚོད་ལྟ་དག་ནི་པེ་ཅིང་ལ་མཚོན་ན་རང་ཉིད་ལ་ཁྱད་གསོད་བྱས་པ་ལྟར་སྣང་ཞིང་ཉི་ཧོང་ལྟ་བུའི་རྒྱ་ནག་གི་དགྲ་བོ་དག་ལ་མཚོན་ན་བྱ་སྤྱོད་དེ་དག་ནི་རང་གི་དྲག་པོའི་སྟོབས་ཤུགས་བསྐྱེད་པར་ཁག་འགེལ་ས་ཞིག་ཏུ་གྱུར་ཡོད་པ་རེད། བྱང་ཀོ་རི་ཡས་ནམ་ཞིག་ཝ་ཤིན་ཊོན་དང་ལྷན་དུ་གྲོས་མོལ་འགོ་བརྩམས་ཏེ་དུས་རབས་ཕྱེད་ཀའི་རིང་གི་རྒྱ་ནག་གི་དབང་འོག་ནས་གྲོལ་རྒྱུར་རེ་བ་བྱེད་ཀྱིན་ཡོད་ཤས་ཆེ། གལ་ཏེ་རྒྱ་ནག་གིས་བྱང་ཀོ་རི་ཡ་ཡང་རང་གི་གྲོགས་སུ་བཀུག་མ་ཐུབ་པ་ཡིན་ན་གཞན་དག་འགུག་པར་དཀའ་ཁག་ཆེ་བ་རེད།

ཤི་རི་ལང་ཀའི་ས་བབས་ཀྱི་ཆ་ནས་དེ་ཙམ་གལ་འགངས་ཆེ་བ་ཞིག་ཏུ་མཐོང་མི་སྲིད་མོད། འོན་ཀྱང་། སྤྱི་ལོ་2014ལོ་ནས་བཟུང་རྒྱ་ནག་གི་མ་རྩའི་འོག་གྲུ་ཚུགས་བརྒྱབས་ཏེ་འཛུགས་བསྐྲུན་གྱི་ལས་གཞི་རྩོམ་བཞིན་པ་དེ་ཨེ་ཤི་ཡའི་ཉམས་ཞིབ་པ་རྣམས་ཀྱི་དོ་སྣང་ཆེན་པོ་བྱ་ཡུལ་དུ་གྱུར་ཡོད། རྒྱ་ནག་གིས་རང་གི་དཔལ་འབྱོར་གྱི་སྟོབས་ཤུགས་དེ་དྲག་པོའི་སྟོབས་ཤུགས་ལ་བསྒྱུར་ནས་དམངས་གཙོའི་རྒྱལ་ཁབ་ཉམ་ཆུང་དག་ལ་སྲིད་ཀྱི་ཐེ་ཇུས་བྱ་བའི་དུས་སྐབས་ཤིག་གསར་དུ་བསུས་ཡོད་པ་རེད།

རྒྱ་ནག་གིས་ཨེ་ཤི་ཡའི་ནང་དུ་དེའི་རིགས་ཀྱི་འཛུགས་བསྐྲུན་ལས་གཞི་དུ་མ་ཞིག་རྩོམ་བཞིན་ཡོད་པ་ཕལ་ཆེ་བ་གྲུ་ཚུགས་གལ་གནད་ཅན་དང་འགྲིམ་འགྲུལ་གྱི་ལས་གཞི་ཡིན། ལས་དོན་དེའི་རིགས་ཐོག་མའི་ཆར་མཉམ་ལས་ཀྱི་ཐོག་ནས་བསྒྲུབས་ནའང་མཐར་རྒྱ་ནག་གི་ལག་ཏུ་ལྷུང་གི་ཡོད། ཟླ་བཅུ་གཉིས་པའི་ནང་སིངྒ་ལས་གྲུ་ཚུགས་འཛུགས་བསྐྲུན་ཆེད་དངུལ་བུན་བཏང་བ་རྣམས་འཇལ་མ་ཐུབ་པར་མཐར་རྒྱ་ནག་ལ་གྲུ་ཚུགས་(ཧམ་བྷན་ཏོ་ཏ། Hambantota port) ལོ་99རིང་བོགས་གཏོང་བྱས་ཡོད།   

“རྒྱ༌ནག་གིས་རང་གི་ངལ་རྩོལ་བ་དང་མ་རྩ་ལ་བརྟེན་ནས་གཞན་དུ་གནོན་ཤུགས་སྤེལ་བཞིན་འདུག དེའི་ནང་ནས་ཕལ་ཆེ་བ་ནི་ཨ་མི་རི་ཀའི་རོགས་སྐྱོར་མེད་པའམ་ཤུགས་རྐྱེན་དེ་ཙམ་ཐེབས་མེད་སའི་རྒྱལ་ཁབ་དག་རེད།”ཅེས་ཡཱལ་ཁྲིམས་ལུགས་སློབ་གྲྭའི་ཨེ་ཤི་ཡའི་བདེ་སྲུང་དཀའ་རྙོག་གི་ཆེད་མཁས་པ་མི་ར་རབ་ཧུ་པར་གྱིས་གསུངས། འདི་ནི་དོན་འབྲས་སྨིན་ཐུབ་པའི་པེ་ཅིང་གི་ལས་འཆར་ཞིག་ཡིན། རྒྱ་ནག་གི་དཔལ་འབྱོར་གྱིས་ཡར་རྒྱས་འགྲོ་བཞིན་པའི་ཨེ་ཤི་ཡའི་རྒྱལ་ཁབ་ཆུང་བ་དག་གི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་མ་ཟད་ཡུན་རིང་པོར་ཨ་རི་ཡིས་རོགས་སྐྱོར་ཕོན་ཆེན་བཏང་སའི་རྒྱལ་ཁབ་པཀིསི་ཐན་སོགས་སུ་ཡང་སྙོབ་བཞིན་ཡོད། ག་ལེར་ཨེ་ཤི་ཡའི་ཕ་མཐཪ་བསྐྱེད་དེ་ནམ་ཞིག་གོ་ལའི་ཁྱོན་ཡོངས་སུ་ཁྱབ་རྒྱུའི་འཆར་ཟིན་ཞིག་འགོད་ཀྱིན་ཡོད་པ་ཡིན།

སྤྱིར་རྒྱལ་ཁབ་ཆུང་བ་དེ་དག་ནི་ཨ་རི་ཡི་ཕྱོགས་སུ་འགྲེང་བའི་སྟོབས་ཆེན་རྒྱལ་ཁབ་ཁག་དང་བསྡུར་ན་སྟོབས་ཤུགས་ཞན་པ་ཡིན་ལ་རྒྱ་ནག་ལའང་དམངས་གཙོའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་འཇོག་སྐབས་འགོག་རྐྱེན་འཕྲད་ཀྱིན་ཡོད་པ་ཡིན། འོན་ཀྱང་། ལྷོ་ཨེ་ཤི་ཡའི་ནང་དུ་ཐོབ་པའི་རྒྱལ་ཁ་དེས་རྒྱ་ནག་ནི་འགྲན་ཟླ་སྟོབས་ཤུགས་ཅན་ཞིག་ཏུ་འགྱུར་བཞིན་ཡོད་པ་བསྟན་ཡོད། རྒྱ་གར་དང་ས་མཚམས་འདྲེས་པའི་རྒྱལ་ཁབ་ཚང་མའི་ནང་རྒྱ་ནག་གིས་ཚོང་འབྲེལ་དང་མ་རྩའི་ལམ་ནས་འབྲེལ་ལམ་འཇོག་གིན་རང་གི་སྟོབས་ཤུགས་ལ་འགྲན་ཟླ་མ་ཡོང་བའི་སྔོན་ཚུད་ནས་རྒྱ་གར་གྱི་མཐའ་སྐོར་ཐབས་བྱ་རྒྱུའི་ལྐོག་གྱུར་གྱི་དམིགས་ཡུལ་དེ་འགྲུབ་ཐབས་བྱེད་བཞིན་ཡོད་པ་རེད།

རྒྱ་གར་གྱི་ཕྱོགས་ནས་སྲིད་ཇུས་ཇེ་མཁྲེགས་ཡིན་ཡང་མངའ་ཁུལ་ཤོག་སྒྲིལ་བྱ་རྒྱུའི་ཐད་ལ་ལག་བསྟར་ཞན་ཞིང་རྗེས་ལུས་ཆེན་པོ་ཐེབས་ཡོད་པ་ཡིན།

སྟོབས་ཤུགས་གཉིས་ཀྱི་བར་གྱི་གཡོ་ཟོལ།
ཧྥི་ལི་ཕིན།

ཨེ་ཤི་ཡའི་དབུ་ཁྲིད་མང་པོས་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་གཡོ་ཟོལ་བསྟན་ཏེ་དབང་འོག་ནས་གཡོལ་ཐབས་བྱེད་ཀྱིན་ཡོད། ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཏར་ཏེ་སོགས་ཁ་ཤས་ཀྱིས་ཧ་ཅང་སྤྱང་གྲུང་ལྡན་པའི་ལམ་ནས་སྒྲུབ་བཞིན་ཡོད།

སྤྱི་ལོ་2016ལོར་སྲིད་དབང་བཟུང་མ་ཐག་པ་ནས་སྲིད་འཛིན་དྷུ་ཏར་ཏེས་མི་ལོ་དྲུག་བཅུ་རེ་ལྔ་འཁོར་བའི་རང་གི་རྒྱལ་ཁབ་དང་ཨ་རི་བར་གྱི་མནའ་འབྲེལ་མཚམས་འཇོག་བྱ་རྒྱུ་ཡིན་པའི་བརྡ་བསྟན་ཞིང་རྒྱ་ནག་དང་མཉམ་ལས་བྱ་རྒྱུ་ཁས་བླངས། སྲིད་འཛིན་ཨོ་བྷ་མར་དམའ་འབེབས་བྱས་ཏེ་ཨ་རི་ལ་ཕྱིར་ཁ་ཕྱོགས་རྒྱུ་མིན་པའི་རྣམ་འགྱུར་བསྟན་ཡོད། འོན་ཀྱང་། མཐཪ་སྲིད་འཛིན་དྷུ་ཏེར་ཏེ་ཡིས་ཕྱོགས་གང་ལའང་མ་ཞུགས་པར་ཨ་རྒྱ་གཉིས་ཀ་ནས་ཁེ་ཕན་ལོན་ཐབས་བྱས་ཡོད། ཨ་མི་རི་ཀས་དྷུ་ཏེར་ཏེ་ཡི་མནའ་འབྲེལ་ཐོག་གི་འོས་འབབ་ཆུང་དུ་བཏང་ཡོད་ཅིང་རྒྱ་ནག་གིས་མཚོ་ཐོག་གི་རྙོག་གྲ་དང་མ་རྩའི་ཐད་ནས་དྷུ་ཏེར་ཏེ་དང་གྲོས་མཐུན་ལེགས་པོ་བྱས་ཡོད་པ་རེད།

འདི་ལྟ་བུའི་ཟློས་གར་ཞིག་ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་འཁྲབ་ཀྱིན་ཡོད་ཅིང་ཁ་ཕྱོགས་མི་གཅིག་པའི་ཨ་རྒྱ་གཉིས་ཀྱི་དམིགས་ཡུལ་འོག་ནས་རྒྱལ་ཁབ་ཕལ་མོ་ཆེར་ཕྱོགས་སུ་མ་ལྷུང་བའི་དབུས་ལམ་ཞིག་བརྙེད་ཡོད་པ་རེད།

ལོ་རྒྱུས་ཐོག་གི་རྒྱ་ནག་གི་དགྲ་བོ་ཡིན་པ་ཝེ་ནམ་རྒྱལ་ཁབ་ཀྱིས་ཀྱང་ཕྱོགས་གཉིས་པོའི་གནོན་ཤུགས་ལ་གདོང་ལེན་བྱེད་ཀྱིན་ཡོད། སྲིད་འཛིན་ཨོ་བྷ་མས་ཨ་རི་ཡིས་ཝེ་ནམ་ལ་མཚོན་ཆའི་ཚོང་འབྲེལ་བཀག་སྡོམ་བྱས་པ་མཚམས་འཇོག་བྱས་ནས་ལོ་གཉིས་ཙམ་སོང་བར་བརྟེན་ཨ་རིས་ཝེ་ནམ་རང་ཕྱོགས་སུ་ཞུགས་རྒྱུར་རེ་བ་བྱས་ཀྱང་ཝེ་ནམ་གྱིས་སྔར་རྒྱུན་ལྟར་ཨུ་རུ་སུ་ནས་མཚོན་ཆ་ཉོ་བཞིན་ཡོད། ཡིན་ན་ཡང་རྒྱ་ནག་གི་གནོན་ཤུགས་འཕེལ་བཞིན་ཡོད་ལ་ཨ་རི་ཡིས་ཕྱི་ནུར་བྱས་པ་ཡིན་ན་ལྷག་ཏུ་འཕེལ་ངེས་ཡིན་པ་རེད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།