ཨུ་རུ་སུའི་ལོ་རྒྱུས་ནང་གི་དམག་སྦྱོང་ཆེ་ཤོས་འགོ་འཛུགས། དམག་འཁྲུག་གི་གྲ་སྒྲིག་དངོས།

0
1291
སང་ཉིན་སྟེ་སྤྱི་ལོ་2018ཟླ་9ཚེས་11ཉིན་ཨུ་རུ་སུས་ལོ་རྒྱུས་ཁྲོད་ཀྱི་དམག་སྦྱོང་ཆེ་ཤོས་འགོ་འཛུགས་བྱ་རྒྱུ་གཏན་ཁེལ་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ཐོན་འདུག#Russia prepares for biggest war games in its history.

ཨུ་རུ་སུ། མོ་སི་ཁོ། སྤྱི་ལོ་2018ཟླ་9ཚེས་10ཉིན། དེ་རིང་སྔ་དྲོ་རྒྱ་གར་གྱི་དུས་བབ་གསར་ཁང་(TOI)སོགས་ཀྱིས་ཚ་གླེང་གནས་ཚུལ་སྤེལ་གསལ། སང་ཉིན་སྟེ་སྤྱི་ལོ་2018ཟླ་9ཚེས་11ཉིན་ཨུ་རུ་སུས་ལོ་རྒྱུས་ཁྲོད་ཀྱི་དམག་སྦྱོང་ཆེ་ཤོས་འགོ་འཛུགས་བྱ་རྒྱུ་གཏན་ཁེལ་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ཐོན་འདུག དམག་སྦྱོང་དེའི་ནང་ཁྱོན་དམག་མི་གྲངས་300,000ཚུད་ཡོད་པ་དང་། རྒྱ་ནག་དང་སོག་ཡུལ་གྱིས་ཀྱང་དམག་སྦྱོང་དེའི་ནང་མཉམ་ཞུགས་བྱས་པར་བརྗོད། སྤྱིར་སང་ཉིན་ནི་ཨ་རིར་9/11དྲག་སྤྱོད་དོན་རྐྱེན་གྱི་དྲན་གསོའི་ཉིན་མོ་སྲུང་བརྩི་བྱ་རྒྱུ་ཡིན་པ་དང་། འདི་ག་ཨེ་ཤི་ཡའི་ཁུལ་ནས་ཨུ་རུ་སུས་དམག་སྦྱོང་ཆེན་མོ་(Vostok-2018)ཤར་ཕྱོགས་-2018ཞེས་པ་དངོས་སུ་འགོ་འཛུགས་བྱ་རྒྱུ་རེད་འདུག

རྒྱལ་སྤྱིའི་གསར་འགྱུར་དཔྱད་བརྗོད་པ་དག་གིས་བརྗོད་གསལ་ལྟར་ན། ཨ་རི་གཙོས་ནུབ་ཕྱོགས་ཁག་གིས་སེ་རི་ཡ་དང་ཡུ་ཀེ་རན་གཉིས་ཀྱི་རྩོད་རྙོག་དེ་གཉིས་ཨུ་རུ་སུས་བསླངས་སྐོར་དང་། ཡུལ་དེ་དག་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བར་ཨུ་རུ་སུས་གནོད་སྐྱོན་གཏོང་གི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་པར་ལན་འདེབས་གསར་པ་ཞིག་ཆགས་ཀྱི་ཡོད་སྐོར་གླེང་བཞིན་འདུག དེ་མཚུངས་འཛམ་གླིང་ནང་གི་དམག་དོན་མཐུན་ཚོགས་ཆེ་ཤོས་བྱང་ཨེ་ཌེ་ལན་ཊེག་མནའ་སྦྲེལ་དམག་དོན་མཐུན་ཚོགས་(NATO)ཀྱིས་ད་ལན་ཨུ་རུ་སུའི་དམག་སྦྱོང་ཆེན་པོ་དེ་འདྲ་ཞིག་བྱ་དོན་ནི་རྐང་གིས་གཞི་རྒྱ་ཆེ་བའི་རྩོད་རྙོག་བསླང་རྒྱུའི་དོན་དུ་ཡིན་སྐོར་སྐྱོན་བརྗོད་ཁྱབ་བསྒྲགས་བྱས་འདུག

དམག་སྦྱོང་དེའི་ནང་ཁྱོན་དམག་མི་གྲངས་300,000ཚུད་ཡོད་པ་དང་། རྒྱ་ནག་དང་སོག་ཡུལ་གྱིས་ཀྱང་དམག་སྦྱོང་དེའི་ནང་མཉམ་ཞུགས་བྱས་པར་བརྗོད།#The week-long deployment alongside Chinese and Mongolian armies dubbed “Vostok-2018” (East-2018) will start in eastern Siberia on September 11.

ཨུ་རུ་སུའི་ལོ་རྒྱུས་ཁྲོད་ཕྱི་མིག་བལྟས་ཚེ་སྔར་ཨུ་རུ་སུ་ཆེན་པོའི་(USSR)སྐབས་ཏེ་སྤྱི་ལོ་1981ལོར་(Zapad-81)ནུབ་ཕྱོགས་-81ཞེས་ད་ལྟའི་ཡོ་རོབ་པོ་ཌན་རྒྱལ་ཁབ་ཏུ། ཁྱོན་དམག་མི་གྲངས་100,000ནས་150,000བར་ཡོད་པའི་དམག་སྦྱོང་ཧ་ཅང་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་འདུག དེ་ནི་དེ་རིང་བར་གྱི་ཨུ་རུ་སུའི་དམག་སྦྱོང་གཞི་རྒྱ་ཆེ་ཤོས་དེ་ཉིད་ཆགས་ཀྱི་ཡོད། དེ་རིང་ཨུ་རུ་སུའི་བདེ་སྲུང་ལྷན་ཁང་གིས་འགྲེལ་བརྗོད་བྱས་དོན་ལྟར་ན།“ཐེངས་འདིའི་དམག་སྦྱོང་འདི་བཞིན་སྤྱི་ལོ་1981ལོའི་དམག་སྦྱོང་ལས་ལྡབ་འགྱུར་གྱིས་གཞི་རྒྱ་ཆེ་བ་ཡོད། དམག་སྦྱོང་འདིའི་ནང་དམག་མི་གྲངས་300,000དང་། དམག་སྤྱོད་མེ་སྒྱོགས་རླངས་འཁོར་སོགས་གྲངས་36000 མཁའ་དམག་གནམ་གྲུ་སྣ་ཚོགས་གྲངས་1000 དམག་གྲུ་འདྲ་མིན་གྲངས་80བཅས་ཚུད་ཡོད།”ཅེས་བརྗོད་འདུག

སྤྱིར་ཨུ་རུ་སུས་ལོ་ཤས་རེ་བར་མཚམས་འཇོག་གིན་ཨ་རི་ལྟར་དམག་མི་ཁྲི་ཚོ་འགའ་ཡོད་པའི་དམག་སྦྱོང་ཆད་མེད་ངང་བྱེད་བཞིན་ཡོད། ད་ལན་གྱི་དམག་སྦྱོང་དེའི་ཐད་ཨུ་རུ་སུའི་དམག་དོན་ཆེད་ལས་ཉམས་ཞིབ་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་པེ་ཝིལ་(Pavel Felgenhauer)ལགས་ཀྱིས་འགྲེལ་བརྗོད་བྱས་དོན།“ད་ལན་ཨུ་རུ་སུའི་དམག་སྦྱོང་འདི་བཞིན་འཛམ་གླིང་དམག་ཆེན་གྱི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། དེ་མཚུངས་ཨུ་རུ་སུ་གཞུང་དམག་དོན་སྤྱི་ཁྱབ་ཀྱིས་ཀྱང་སྤྱི་ལོ་2020རྗེས་ལ་འཛམ་གླིང་དམག་ཆེན་ནམ་དམག་འཁྲུག་ཆེ་རིགས་གཞན་རིམ་པས་འབྱུང་གི་ཡོད་པ་ཤེས་ཀྱི་ཡོད། ཨུ་རུ་སུའི་དགྲ་བོ་ནི་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དེ་དག་རེད།”ཅེས་གསལ་བརྗོད་བྱས་འདུག

ཨུ་རུ་སུའི་ལོ་རྒྱུས་ཁྲོད་ཕྱི་མིག་བལྟས་ཚེ་སྔར་ཨུ་རུ་སུ་ཆེན་པོའི་(USSR)སྐབས་ཏེ་སྤྱི་ལོ་1981ལོར་(Zapad-81)ནུབ་ཕྱོགས་-81ཞེས་ད་ལྟའི་ཡོ་རོབ་པོ་ཌན་རྒྱལ་ཁབ་ཏུ། ཁྱོན་དམག་མི་གྲངས་100,000ནས་150,000བར་ཡོད་པའི་དམག་སྦྱོང་ཧ་ཅང་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་འདུག#The Russian army has compared the show of force to the USSR’s 1981 war games that saw between 100,000 and 150,000 Warsaw Pact soldiers take part in “Zapad-81” (West-81) -the largest military exercises of the Soviet era.

མུ་མཐུད་སྐུ་ཞབས་པེ་ཝིལ་ལགས་ཀྱིས་དམག་སྦྱོང་དེའི་ནང་རྒྱ་ནག་མཉམ་ཞུགས་བྱས་པའི་གནད་དོན་སོགས་ཀྱི་ཐད་འགྲེལ་བརྗོད་བྱས་དོན།“དམག་སྦྱོང་དེའི་ནང་རྒྱ་ནག་གི་དམག་མི་གྲངས་3200ལས་ཚུད་མེད། འོན་ཀྱང་། དམག་མི་3200དེ་ནི་དམག་སྦྱོང་དེའི་ནང་གི་གཙོ་གནད་ཅིག་ཆགས་ཀྱི་ཡོད། ད་ལན་གྱི་དམག་སྦྱོང་འདི་བཞིན་དམག་སྦྱོང་ཙམ་པོ་བ་ཞིག་རྩ་བ་ནས་མ་རེད། དམག་སྦྱོང་དེས་ཉེན་བརྡའི་བརྡ་འཕྲིན་གཏོང་རྒྱུ་ཙམ་ཡང་དེ་བས་མ་རེད། དེ་ནི་དམག་འཁྲུག་དངོས་ཀྱི་གྲ་སྒྲིག་བྱེད་བཞིན་པ་དངོས་ཡོད་རེད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།