ཨི་རན་དང་ཨི་རག་ས་མཚམས་སུ་7.3ས་ཡོམ། མི་330འདས། 4500ལྷག་རྨས།

1
1062
ད་ལན་གྱི་ཨི་རག་དང་ཨི་རན་གྱི་ས་ཡོམ་དོན་རྐྱེན་དེ་ནི་ཉེ་བའི་ས་ཡོམ་གྱི་གནོད་འཚེ་འཕོག་ཚད་ཤུགས་ཆེ་ཤོས་ཤིག་ཏུ་འགྱུར་བཞིན་མཆིས།#330་Dead, Over 4500 Injured As 7.3 Magnitude Earthquake Strikes Iran, Iraq. 2017.11.13

ཨི་རག ཧྭ་ལབ་ཇ། སྤྱི་ལོ་2017ཟླ་11ཚེས་13ཉིན། ད་ལྟ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་ཁང་བྷི་བྷི་སི་BBCདང་། རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་ཆེ་གྲས་NDTVལ་སོགས་པས་ཐད་སྟོན་གནས་ཚུལ་རིམ་པས་ཁ་སྣོན་དང་སྦྲགས་སྤེལ་བཞིན་པ་ནི། མདང་དགོང་མཚན་དཀྱིལ་དུ་ཨི་རག་(Iraq/伊拉克)དང་ཨི་རན་(Iran/伊朗)གྱི་ས་མཚམས་སུ་ས་ཡོམ་རིམ་ཚད་7.3ཅན་ཞིག་བརྒྱབས་ཡོད་པའི་གནས་ཚུལ་ཐོན་འདུག ཤུགས་དྲག་ཆེ་བའི་ས་ཡོམ་དོན་རྐྱེན་དེའི་འོག་ད་ལྟའི་ཆར་འབྲེལ་ཡོད་གནས་ཚུལ་གསར་ཤོས་འདོན་སྤེལ་བྱེད་མཁན་ཨ་རིའི་(NBC News)གསར་ཁང་གི་ཟིན་ཐོ་ལྟར་ན་མི་གྲངས་330ལྷག་འདས་གྲོངས་སུ་གྱུར་ཟིན་པ་དང་། མི་གྲངས་4500ལྷག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་བཞིན་འདུག

ཨ་རིའི་ས་ཁམས་དཔྱད་ཞིབ་ལྷན་ཚོགས་(USGS)ཀྱིས་བརྗོད་གསལ་ལྟར་ན། དེ་རིང་གི་ས་ཡོམ་དེའི་བྱུང་ཁུལ་ས་གནས་གཙོ་བོ་ཨི་རག་གི་ཤར་ཁུལ་གྲོང་ཁྱེར་ཧྭ་ལབ་ཇ་(Halabja)ཞེས་པའི་ཉེ་འགྲམ་དུ་ཆགས་ཀྱི་ཡོད་པར་བརྗོད་ཅིང་། ས་ཡོམ་ཐོག་མ་བྱུང་བ་ནས་ད་ལྟ་བར་མི་ཤི་རྨས་ཀྱི་གྲངས་ཚད་འཕར་མཚམས་མ་ཆད་པར་གནས་མུས་རེད་འདུག དེ་བཞིན་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་ཡང་ས་མཚམས་ཀྱི་རི་ཁུལ་གྲོང་བརྡལ་དེ་དག་ཆགས་ཀྱི་ཡོད་ཅིང་། སྟབས་མ་ལེགས་པར་རི་ཁུལ་གཞུང་ལམ་དུ་མ་ཞིག་ས་ཡོམ་གྱི་ཤུགས་རྐྱེན་ཁྲོད་ས་རུད་བྱུང་སྟེ་འཐོར་ཞིག་ཕྱིན་ཡོད་པ་དང་། མྱུར་སྐྱོབ་པའི་རླངས་འཁོར་ཐར་ཐབས་དཀའ་བའི་གནས་སུ་གྱུར་ཚུལ་གཞུང་ཕྱོགས་མྱུར་སྐྱོབ་ཚན་ཁག་ནས་གསར་འགོད་པར་འགྲེལ་བརྗོད་བྱས་འདུག

གནས་ཡུལ་དངོས་ཀྱི་པར་རིས། ད་ལྟའི་ཆར་ས་གནས་གང་སར་མྱུར་སྐྱོབ་པའི་ཚན་པ་བགོས་ནས་མངགས་ཟིན་ཡོད་པར་བརྗོད།#It added that 30 Red Cross teams had been sent to the quake zone, parts of which had experienced power cuts.

ཨི་རན་གཞུང་ཕྱོགས་སྐབས་དོན་འབྲེལ་ཡོད་ཚན་པས་འགྲེལ་བརྗོད་བྱས་དོན་ལྟར་ན། “ང་ཚོའི་མྱུར་སྐྱོབ་མི་སྣ་ཡོངས་སུ་ས་གནས་སུ་འབྱོར་ཏེ་མྱུར་སྐྱོབ་ལས་གཞི་རྒྱ་ཆེ་ས་ནས་འགོ་འཛུགས་རྗེས། གཞི་ནས་མི་གྲངས་ཅི་ཙམ་ཞིག་ལ་ཤི་རྨས་ཀྱི་གནོད་འཚེ་ཕོག་ཡོད་མིན་ཁ་གསལ་ཤེས་ཀྱི་རེད།”ཅེས་བརྗོད་འདུག དེ་ལྟར་ན་ད་དུང་རིམ་པས་མི་ཤི་རྨས་ཀྱི་གྲངས་ཚད་འཕར་ངེས་པ་གཏན་ཁེལ་ཡིན་པར་བརྗོད་བཞིན་འདུག

དེ་རིང་གི་ས་ཡོམ་དེའི་ཤུགས་ཚད་7.3ཡིན་མོད་ཨི་རན་གྱི་ས་གནས་དེ་དག་གི་ཁང་ཁྱིམ་ཕལ་མོ་ཆེ་འདམ་ལས་གྲུབ་པའི་སོ་ཕག་གིས་བརྩིགས་པ་ཤ་སྟག་ཡིན་སྟབས། ས་ཡོམ་ཤུགས་ཚད་7.9ཅན་གྱི་ཤུགས་ཚད་ཕོག་པ་དང་གཅིག་མཚུངས་སུ་གྱུར་ཏེ་ཧ་ཅང་སླ་པོར་འཐོར་ཞིག་འགྲོ་བཞིན་ཡོད་པར་བརྗོད། ཨི་རན་ལ་མཚོན་ན་དེ་རིང་གི་ས་ཡོམ་དེས་ཡུལ་དེ་གའི་ཞིང་ཆེན་ཁག་གསུམ་ལ་གནོད་འཚེ་བཏང་འདུག་པ་དང་། དེ་དག་གི་ནང་ནས་ཁེར་མཱན་ཤྭ་(Kermanshah)ཞེས་པའི་ཞིང་ཆེན་དེར་གནོད་སྐྱོན་ཚབས་ཆེ་ཤོས་ཕོག་ཡོད་པའི་གནས་ཚུལ་ཐོན། ད་དུང་། ཞིང་ཆེན་དེ་གའི་གཞུང་ཕྱོགས་ནས་ཉིན་གསུམ་གྱི་མྱ་ངན་གསལ་བསྒྲགས་ཞིང་ཀྱང་སྤེལ་ཟིན་ཡོད་འདུག

དེ་རིང་ཨི་རན་གྱི་གྲོང་ཁྱེར་སར་པོལ་ཞེས་པའི་ནང་དུ་མྱུར་སྐྱོབ་པས་གྱང་རོའི་འོག་ནས་མི་འཚོལ་བཞིན་པ།#A rescue worker searches for earthquake survivors in Sarpol-e-Zahab, Iran, on Monday.

གསར་ལམ་ཁག་ནས་བརྗོད་གསལ་ལྟར་ན་ད་སྐབས་ས་ཡོམ་བྱུང་ཡུལ་དེ་དག་གི་གནམ་གཤིས་གྲང་ངར་ཅུང་ཆེ་རུ་འགྲོ་བཞིན་པའི་སྐབས་ཡིན་པ་དང་། ས་ཡོམ་གྱི་རྗེས་ཤུལ་གྱི་གོད་ཆག་འདྲ་མིན་མི་ཡོང་བའི་ཆེད་གཞུང་ཕྱོགས་ནས་ས་ཁུལ་དེ་དག་ཡོངས་ལ་གློག་གི་མཐུན་རྐྱེན་བཀག་ནས་བཞག་ཡོད་པ་རེད་འདུག དེ་མཚུངས་ཡུལ་མི་རྣམས་སྲང་ལམ་དང་ས་སྟོང་ཁག་ཏུ་བདེ་འཇགས་ཆེད་གནས་སྤོས་ནས་གནས་མུས་རེད་འདུག ཨི་རན་གཞུང་འཕྲོད་བསྟེན་ལྷན་ཁང་ནས་བརྗོད་གསལ་ལ་གཞིགས་ན་ད་ལྟའི་ཆར་ཨི་རན་གྱི་མི་གྲངས་70000ལྷག་ལ་མྱུར་སྐྱོབ་གནས་མལ་གྱི་དགོས་མཁོ་ཡོད་པ་དང་། སྟབས་ཉེས་པར་ས་གནས་དེ་དག་གི་སྨན་ཁང་དག་ཀྱང་ས་ཡོམ་གྱི་གོད་ཆག་འོག་འཐོར་ཞིག་དང་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པའི་གནས་ཚུལ་བརྗོད་བཞིན་འདུག

ཨི་རན་གྱི་ས་གནས་དེ་ཁུལ་ནི་ས་གཞི་རིལ་བུའི་ཕྱི་ཤུན་མཐུད་མཚམས་སུ་དཀའ་ངལ་ཚབས་ཆེན་ཡོད་ས་ཞིག་ཏུ་ཁེལ་གྱི་ཡོད་པར་འགྲེལ་ཞིང་། འདས་པའི་ལོ་རྒྱུས་ཁྲོད་དུ་ཕྱི་མིག་བལྟས་ཀྱང་སྤྱི་ལོ་2003ཟླ་12ཚེས་26ཉིན་ཨི་རན་གྱི་གནའ་བོའི་རིག་གནས་དར་ཡུལ་གྱི་གྲོང་ཁྱེར་གྲགས་ཅན་བྷམ་(Bam)ཞེས་པར། ས་ཡོམ་རིམ་ཚད་6.6ཅན་ཞིག་བརྒྱབས་ཏེ་ཁྱོན་མི་གྲངས་31,000ལྷག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།

1 COMMENT