ཨག་ཤེ་ཀུ་མར་གྱིས་དམག་མིའི་ནང་མིར་ཧིན་སྒོར་བྱེ་བ་1.8སྤྲད་པ།-རྒྱ་གར་དམར་ཤོག

0
418

རྒྱ་གར། མོམ་བྷེ། སྤྱི་ལོ་2017ཟླ་3ཚེས་17ཉིན། དེ་རིང་རྒྱ་གར་གྱི་དུས་དེབ་གསར་ཁང་ཆེན་མོ་རྒྱ་གར་གྱི་དེ་རིང་(India Today)གིས་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་11ཉིན་རྒྱ་གར་གྱི་མངའ་སྡེ་ཆ་རྡི་སི་གྷར་(Chhattisgarh)དུ་རྒྱ་གར་དམར་ཤོག་གྱེན་ལོག་ཤོག་ཁག་གི་དྲག་རྒོལ་འོག་རྒྱ་གར་གཞུང་གི་དམག་མི་ཁྱོན་12རྐྱེན་ལམ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་པ་བཞིན། དེ་རིང་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཨག་ཤེ་ཀུ་མར་(Akshay Kumar)གྱིས་དམག་མི་འདས་པོའི་ནང་མི་རེ་རེར་ཧིན་སྒོར་འབུམ་དགུ་རེའི་ཐུགས་གསོའི་རོགས་དངུལ་གནང་སྟེ། ཁྱོན་ཁོང་གིས་ཐེངས་འདིར་ཧིན་སྒོར་བྱེ་བ་1.8ཀྱི་ཐུགས་གསོའི་རོགས་སྐྱོར་གནང་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག

སྤྱིར་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཨག་ཤེ་ཀུ་མར་ནི་དམིགས་བསལ་རྒྱལ་སྲུང་གཙོས་རྒྱ་གར་གྱི་དམག་མིར་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་བྱེད་མཁན་ཞིག་དང་། ད་བར་ཁོང་གིས་དམག་མི་འདས་གསོན་གཉིས་ཀའི་ནང་མིར་རྒྱབ་སྐྱོར་དང་རོགས་དངུལ་ཕུལ་བ་ཐེངས་དུ་མ་ཞིག་ཆགས་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད། ད་དུང་། དམག་མིའི་ཛ་དྲག་གི་གནད་དོན་གང་ཞིག་བྱུང་ཡང་དུས་ཐོག་ཏུ་དོ་སྣང་བྱེད་མཁན་ཞིག་ཀྱང་ཆགས་ཀྱི་ཡོད་འདུག ཁོང་ནི་ད་ལྟའི་ཆར་རྒྱ་གར་རྒྱལ་སྲུང་གནད་དོན་གཞི་རྩར་འཛིན་མཁན་གྱི་གློག་བརྙན་འཁྲབ་སྟོན་པ་མི་འདྲ་བ་ཞིག་ཡིན་པར་བརྗོད།

(རེས་གཟའ་སྤེན་པ་)ཚེས་11ཉིན་རྒྱ་གར་དམར་ཤོག་གྱེན་ལོག་དྲག་རྒོལ་བྱུང་སྐབས། #Chhattisgarh,India

གོང་གི་དམར་ཤོག་གྱེན་ལོག་པའི་དྲག་རྒོལ་དེ་ཉིད་ཀྱི་བྱུང་རིམ་ནི། སྤྱིར་དང་ཐོག་མངའ་སྡེ་དེ་ཉིད་ཀྱི་ནང་དུ་རྒྱ་གར་དམར་ཤོག་དང་བླངས་དམག་མི་(Naxal/Maoist)ཧ་ཅང་མང་ཞིང་། རྒྱུན་དུ་དམར་ཤོག་གྱེན་ལོག་ཤོག་ཁག་གི་དོན་རྐྱེན་ཆེས་མང་ཤོས་བྱུང་ས་ཞིག་ཏུ་གྱུར་ཡོད། འདས་པའི་ལོ་རྒྱུས་ནང་དམར་ཤོག་གྱེན་ལོག་དྲག་རྒོལ་ཤུགས་དྲག་ཆེ་ཤོས་ཤིག་ནི་སྤྱི་ལོ་2010ཟླ་4ཚེས་6ཉིན་མངའ་སྡེ་དེ་གའི་རྡན་ཊི་ཝ་ཊ་(Dantewada)ཞེས་པའི་རྫོང་ཁུལ་དུ་རྒྱ་གར་གཞུང་གི་ཉེན་རྟོག་དཔུང་དམག་ཁྱོོན་76དམར་གསོད་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།

དེ་བཞིན་འདས་པའི་རེས་གཟའ་སྤེན་པའི་ཉིན་བྱུང་བའི་དྲག་རྒོལ་དེ་ཡང་། གཞུང་དམག་གི་རུ་ཁག་ཅིག་ལྟ་སྲུང་སྐོར་སྐྱོད་དུ་འགྲོ་བཞིན་པའི་སྐབས་གློ་བུར་དུ་དམར་ཤོག་གྱེན་ལོག་དམག་མིས་ཕྱོགས་ཀུན་ནས་མེ་མདའི་ཆར་པ་ཕབ་སྟེ། ཅི་བྱེད་འདི་བྱེད་མེད་པར་གཞུང་དམག་རྣམས་དམར་གསོད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག ཁྱོན་བསྡོམས་གོང་དུ་བརྗོད་པ་བཞིན་དམག་མི་གྲངས་12སྡེབ་གཅིག་ཏུ་དམར་གསོད་བཏང་ཡོད་པའི་གནས་ཚུལ་དང་། ཁོང་ཚོའི་མཚོན་ཆ་རྣམས་གཅིག་ཀྱང་མ་ལུས་པར་དམར་ཤོག་གྱེན་ལོག་དམག་མིས་བཅོམ་འཕྲོག་བྱས་ཡོད་པ་རེད་འདུག

ཨག་ཤེ་ཀུ་མར་གྱི་དམག་མིའི་གློག་བརྙན་གྲགས་ཅན་གུང་གསེང་ཞེས་པའི་པར་རིས། “གློག་བརྙན་དེའི་ནང་དུ་དམག་མི་ཞིག་གུང་གསེང་དུ་བསླེབས་ཀྱང་རྒྱལ་སྲུང་གཡོ་མེད་ངང་བྱེད་བཞིན་པ་ཞིག་ཡོད།”

རྒྱ་གར་རྒྱལ་སྲུང་གནད་དོན་དང་རྒྱ་གར་གྱི་དམག་མིའི་གོད་ཆག་གནད་དོན་ཐད། རྒྱ་གར་གྱི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་ཨག་ཤེ་ཀུ་མར་ལ་མཚོན་ན། དུས་རྟག་ཏུ་རྒྱབ་སྐྱོར་དང་ཚོར་བ་ཡོད་པ་ཙམ་མིན་པར་ལག་ལེན་ཧུར་ཐག་གིས་འཁྱོལ་ཐབས་བྱེད་མཁན་ཞིག་ཏུ་གྱུར་ཡོད། ཁོང་གིས་དམག་མི་འདས་པོའི་ནང་མིར་ཐུགས་གསོའི་རོགས་དངུལ་གནང་བཞིན་པ་ཙམ་མིན་པར་ད་ལོའི་རྒྱ་གར་དམངས་གཙོ་དུས་དྲན་གྱི་ཉིན་དང་བསྟུན་རྒྱལ་སྲུང་གི་ཆེད་གཞན་དོན་དུ་གཤེགས་པའི་དཔའ་བོའི་རྣམས་ཀྱི་ནང་མིར་ཐུགས་གསོའི་རོགས་སྐྱོར་ཡོང་ཆེད། དམིགས་སུ་བཀར་ཏེ་རོགས་སྐྱོར་ཕྱོགས་བསྡུ་བྱ་རྒྱུའི་དྲ་བ་ཞིག་གསར་བཟོ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པའི་གནས་ཚུལ་ཐོན་ཡོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།