ཨ་རྒྱ་ཨུ་གསུམ། བྱང་ཀོ་རི་ཡ་དང་སེ་རི་ཡ།

0
112

སྤྱི་ལོ་2017ཟླ་4ཚེས་13ཉིན།
བོད་ཀྱི་དེ་ཕོ། | ཀློག་པ་པོའི་རེ་འདུན་གསར་འགྱུར།

མདང་དགོང་སྤྱི་ཚོགས་དྲ་ལམ་ངོ་དེབ་བརྒྱུད་རྒྱ་ཆེ་བའི་ཀློག་པ་པོར་མཁྱེན་འདོད་པའི་གསར་འགྱུར་ཇི་ཡོད་ཀྱི་དྲི་བ་ཞིག་ཕུལ་བ་བརྒྱུད། བསམ་ཚུལ་དང་རེ་འདུན་བརྗོད་མཁན་བརྒྱ་ཕྲག་ཟིན་ལ་ཉེ་འདུག དེ་ནི་ཧ་ཅང་དགའ་འོས་པ་ཞིག་སྟེ་ངེད་ཅག་གི་སྤྱི་ཚོགས་འདིས་རྒྱལ་སྤྱིའི་གནས་ཚུལ་དང་འཕོ་འགྱུར་ལ་དོ་སྣང་བྱེད་ཤུགས་ཧ་ཅང་ཇེ་ཆེར་འགྲོ་བཞིན་པ་དེ་རེད། དེར་བརྟེན་ང་ཚོའི་ཕུགས་དམངས་གཙོའི་བསམ་ལ་རེ་བ་མངོན་ཞིང་། མདུན་སྐྱོད་ལ་དེ་བས་བློ་སྤོབས་སྦྱིན་བཞིན་འདུག དེ་ལྟར་དེ་རིང་གི་རྒྱལ་སྤྱིའི་གསར་འགྱུར་དང་འཕོ་འགྱུར་རྣམས་ནི། སང་ཉིན་འཛམ་གླིང་གི་ལོ་རྒྱུས་དང་གནད་ཐིག་ཤ་སྟག་ཏུ་འགྱུར་རྒྱུ་རེད།

དེས་ན་ང་ཚོས་གསར་འགྱུར་ཀློག་གིན་ཕྱོགས་ཀུན་ནས་ཞིབ་འདང་རྒྱག་བཞིན་རང་རེའི་སྤྱི་ཚོགས་ཀྱི་ཕུགས་བསམ་ལའང་བསམ་དགོས་པ་ནི་ཟློག་ཏུ་མེད་པའི་འོས་འགན་ཞིག་ཡིན། ད་དུང་། རྒྱལ་སྤྱིའི་གསར་འགྱུར་དང་འཕོ་འགྱུར་ལ་སློབ་སྦྱོང་བྱས་པའི་དགོས་པ་གཙོ་བོ་ཞིག་ཀྱང་རེད། དེ་རིང་འདིར་མདང་དགོང་གི་རེ་འདུན་ཁྱོན་ཡོངས་ནས་གསར་འགོད་བྱེད་དཀའ་མོད། མདོར་བསྒྲིལ་ན་ཨ་རྒྱ་ཨུ་གསུམ་དང་། བྱང་ཀོ་རི་ཡ་དང་སེ་རི་ཡའི་གནད་དོན་རེད་འདུག དེ་ལྟར་གཤམ་དུ་ཡུལ་དེ་དག་དང་འབྲེལ་བའི་ཕྱོགས་བསྡུས་གལ་གནད་ཅན་གྱི་གསར་འགྱུར་ཞིག་སྤེལ་རྒྱུ་ཡིན་པ་ལགས་ན་ཀློག་པ་པོའི་བསམ་བློའི་རྒྱགས་ཕྱེར་འགྱུར་བར་སྨོན།

ཨུ་རུ་སུའི་སྲིད་འཛིན་པུ་ཏིན་དང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་རེག་སི། #Rex Tillerson & Putin, Mosco 2017.4.12

ཨ་རིའི་རྒྱལ་སྲིད་དྲུང་ཆེ་དང་ཨུ་རུ་སུའི་
སྲིད་འཛིན་པུ་ཏིན་ཐུག་འཕྲད།

དེ་རིང་ཞོགས་པ་རྒྱལ་སྤྱིའི་གསར་ཁང་རུ་ཀྲར་(Reuters)དང་ནེའུ་ཡོག་དུས་བབ་(NY Times)ལ་སོགས་པས་གནས་ཚུལ་སྤེལ་གསལ། ཁ་སང་རེས་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་རེག་སི་-ཊི་ལར་སོན་(Rex Tillerson)དང་། ཨུ་རུ་སུའི་སྲིད་འཛིན་སྐུ་ཞབས་པུ་ཏིན་(Vladimir Putin)གཉིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་(Mosco)མཇལ་འཕྲད་གནང་ཡོད་པའི་གནས་ཚུལ་ཐོན་ཡོད། དེ་མཚུངས་ཡུལ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་བར་དུ་སེ་རི་ཡའི་དུག་རླངས་འབར་གས་ཀྱི་གནད་དོན་དང་། འདས་པའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་ཨུ་རུ་སུས་དྲ་ཐོག་འཇབ་རྒོལ་གྱིས་གནོད་སྐྱོན་བཏང་བའི་སྐོར་ལ་ཆུ་ཚོད་གཉིས་ཙམ་གླེང་མོལ་གནང་ཡོད་པ་རེད་འདུག

འོན་ཀྱང་ཕྱོགས་གཉིས་ཀྱི་བར་དུ་གླེང་མོལ་བྱས་པའི་མཇུག་འབྲས་དོན་ཕན་ལྡན་པ་གང་ཡང་སོན་མེད་སྐོར་དང་། ཡུལ་གཉིས་ཀྱི་མཛའ་འབྲེལ་འཛུགས་རྒྱུའི་ཐད་དཀའ་ཚེགས་ཆེ་བའི་གནས་བབ་ཅིག་རང་བཞིན་གྱིས་མངོན་ཡོང་སྐོར་བརྗོད། མདང་དགོང་ཨ་རིའི་རྒྱལ་སྲིད་དྲུང་ཆེས་རྒྱལ་ཁབ་གཉིས་ཀྱི་ཟུང་འབྲེལ་གསར་འགོད་ཚོགས་འདུའི་ཐོག་བརྗོད་དོན། “ངེད་རྒྱལ་ཁབ་གཉིས་ཀྱི་བར་དུ་ཡིད་ཆེས་ཀྱི་གནས་ཚད་ཧ་ཅང་དམའ་བོ་འདུག”ཅེས་བརྗོད། ད་ལན་ཡུལ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་མཇལ་འཕྲད་དེ་ནི་ཨ་རིའི་སྲིད་འཛིན་གསར་པ་བརྗེས་རྗེས། སྲིད་གཞུང་གཉིས་ཀྱི་བར་དུ་བྱུང་བའི་མཇལ་འཕྲད་ཐོག་མ་དེ་ཉིད་ཆགས་ཀྱི་ཡོད་འདུག

ཨ་རིའི་རྒྱལ་སྲིད་དྲུང་ཆེས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱི་སྐད་ཆར་ཉན་བཞིན་པ། #Mosco, Russia 2017.4.12

ཨ་རིའི་རྒྱལ་སྲིད་དྲུང་ཆེས་མུ་མཐུད་བརྗོད་དོན། “འཛམ་གླིང་གི་རྡུལ་མཚོན་ནུས་སྟོབས་ཆེ་ཤོས་རྒྱལ་ཁབ་གཉིས་ཀྱི་བར་དུ་འབྲེལ་ལམ་དེ་རིགས་ཡོང་དཀའ་མོ་རེད་འདུག”ཅེས་ཀྱང་བརྗོད། གསར་འགོད་ཚོགས་འདུ་དེའི་ཐོག་ཨུ་རུ་སུའི་ཕྱོགས་ནས་ཕྱི་སྲིད་བློན་ཆེན་སྐུ་ཞབས་སཱར་གྷེ་-ལེ་རོབ་(Sergey Lavrov)མཉམ་ཞུགས་གནང་ཡོད་པ་རེད་འདུག བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ནི་ཕྱོགས་གཉིས་ཀྱི་བར་དུ་སེ་རི་ཡའི་རྩོད་རྙོག་དང་། བྱང་ཀོ་རི་ཡའི་དཀའ་ངལ། དེ་བཞིན་ཡུ་ཀེ་རན་གྱི་གནས་སྟངས་སོགས་ཀྱི་ཐད་རྟོག་ཞིབ་བྱེད་མཁན་གྱི་མཉམ་འབྲེལ་རུ་ཁག་ཅིག་འཛུགས་རྒྱུའི་གྲོས་འཆར་བྱུང་འདུག

ཕྱོགས་གཞན་ནས་གོང་གི་མཉམ་འབྲེལ་རུ་ཁག་འཛུགས་རྒྱུའི་གནས་ཚུལ་དང་འབྲེལ་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་བརྗོད་དོན། གོང་གི་གནད་དོན་དེ་དག་ནི་ཨ་ཨུ་གཉིས་ཀྱི་འབྲེལ་ལམ་ཐད་སུན་པོ་བཟོ་བྱེད་ཤ་སྟག་རེད།ཅེས་བརྗོད་འདུག ད་དུང་ཁོང་གིས་མུ་མཐུད་སེ་རི་ཡའི་གནད་དོན་ཐད་བསྐྱར་བརྗོད་གནང་དོན། ཨུ་རུ་སུའི་ངོས་ནས་སེ་རི་ཡའི་དུག་རླངས་འབར་གས་དེའི་ཐད་ལྟ་ཚུལ་གཏན་ཁེལ་བྱུང་མེད་སྐོར་དང་། གསར་ལམ་ཁག་ལ་”གློ་བུར་བའི་རླུང་ནད་ལངས་འདུག་”ཅེས་གསར་ལམ་ཁག་གི་གནས་ཚུལ་སྤེལ་ཕྱོགས་ཐད་སྐྱོན་བརྗོད་བྱས་འདུག

སེ་རི་ཡའི་དཀའ་རྙོག་འགོ་བཙུགས་ནས་འདས་པའི་ལོ་ངོ་དྲུག་ལྷག་སོང་བའི་ནང་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་བདེ་སྲུང་འཐུས་མི་ལྔའི་ནང་གི་ཨུ་རུ་སུས་སེ་རི་ཡའི་རྒྱབ་ཏུ་ལངས་ནས་འགེབ་སྲུང་བྱས་ཐེངས་བརྒྱད་པ་དེ་ཉིད་ཆགས་པར་བརྗོད་ཅིང་། རྒྱ་ནག་གིས་ཀྱང་རྒྱུན་དུ་ཨུ་རུ་སུའི་རྒྱབ་ཏུ་ལངས་ནས་སེ་རི་ཡར་རམ་འདེགས་བྱེད་ཀྱིན་ཡོད་པར་བརྗོད་བཞིན་འདུག སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་བདེ་སྲུང་ལྷན་ཚོགས་ཀྱི་འཐུས་མི་ལྔ་པོ་དག་ནི། རྒྱ་ནག་དང་། ཧྥ་རན་སི། ཨུ་སུ་རུ། དབྱིན་ཡུལ། ཨ་རི་བཅས་ཆགས་ཀྱི་ཡོད། དེའི་ཐོག་ལྷན་ཚོགས་དེར་སྤྱིའི་ཚོགས་མི་རྒྱལ་ཁབ་ཁྱོན་བཅོ་ལྔ་ཡོད།

གཡོན། ཨ་རིའི་རྒྱལ་སྲིད་དྲུང་ཆེ། གཡས། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན། #Russian Foreign Minister Sergei Lavrov (R) and US Secretary of State Rex Tillerson

ཐེངས་འདིའི་མཇལ་འཕྲད་ཁྲོད་ཕྱོགས་གཉིས་ཀྱི་བར་དུ་ཟུར་ཟའི་རྩོད་གླེང་ཡང་རིམ་པར་བྱུང་ཞིང་། ཨ་རིའི་རྒྱལ་སྲིད་དྲུང་ཆེས་བརྗོད་དོན། “ཨུ་རུ་སུས་ཨ་རིའི་སྲིད་འཛིན་འོས་བསྡུར་གནོད་སྐྱོན་བཏང་བ་དེ་ནི་གཏན་ཁེལ་བའི་དངོས་ཡོད་ཅིག་རེད།”ཅེས་བརྗོད་འདུག

དེའི་ལན་དུ་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་བརྗོད་དོན། “ཨ་རིས་སར་བྷི་ཡ་(Serbia)ནས་འགོ་བཙུགས་ཏེ་ཨི་རག་དང་། མཐར་ལི་བྷི་ཡ་བར་དུ་འཛམ་གླིང་ཁྱོན་གྱི་ནང་སྲིད་གཞུང་གསར་བརྗེ་བྱེད་རྒྱུའི་འབད་བརྩོན་བྱས་ཡོད། འོན་ཀྱང་། ལས་འགུལ་དེ་དག་ཐམས་ཅད་ལམ་ལྷོངས་བྱུང་མེད་པ་ཤ་སྟག་རེད། དེ་མཚུངས་སེ་རི་ཡའི་ནང་དུའང་གཅིག་མཚུངས་ཀྱི་རེ་བ་བྱེད་བཞིན་ཡོད་པས་མཇུག་འབྲས་ཀྱང་གོང་མཚུངས་ཡོང་རྒྱུའི་དྲན་སྐུལ་གཏོང་གི་ཡོད།”ཅེས་བརྗོད། མཐར་ཕྱོགས་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་འདུ་འཛོམས་ཚོགས་འདུ་དེ་བཞིན་མདང་དགོང་ས་གནས་དེ་གའི་ཆུ་ཚོད་8:00ཐོག་གྲོལ་ཡོད་པ་རེད་འདུག

བྱང་ཀོ་རི་ཡའི་ངར་སྐད་དང་། རྒྱ་ནག
ཉི་ཧོང་། ཨ་རི།

ད་ལྟ་སྐར་མ་20ཡོལ་ཙམ་གྱི་སྔོན་དུ་རྒྱལ་སྤྱིའི་གསར་འགྱུར་ཐོན་ཁུངས་གཙོ་གྲས་རུ་ཀྲར་(Reuter)གསར་ཁང་གིས་གནས་ཚུལ་སྤེལ་གསལ། དེ་རིང་རྒྱ་ནག་གིས་སྲིད་འཛིན་ཞི་ཅིན་ཕིན་གྱིས་བརྗོད་དོན། “བྱང་ཀོ་རི་ཡའི་དཀའ་ངལ་དེ་ཉིད་དམག་སྟོབས་ཀྱིས་ཁ་གཏད་བཅག་ནས་སེལ་རྒྱུ་ཡོད་པ་ཞིག་མ་རེད།”ཅེས་བརྗོད་ཡོད་འདུག དེ་མཚུངས་རྒྱ་ནག་གིས་གསར་ཁང་གལ་གནད་ཆེ་གྲས་ཤིག་གིས་བྱང་ཀོ་རི་ཡར་རེ་འདུན་བཏོན་སྟེ་བརྗོད་རྒྱུར། རྒྱ་ནག་གི་ངོས་ནས་བྱང་ཀོ་རི་ཡར་སྲུང་སྐྱོབ་བྱེད་རྒྱུ་དང་། བྱང་ཀོ་རི་ཡས་ངོས་ནས་རྒྱ་ནག་གི་ཁ་ལ་ཉན་སྟེ་རྡུལ་མཚོོན་བཟོ་སྐྲུན་མཚམས་འཇོག་བྱེད་རྒྱུ་གཉིས་བརྗེ་སྒྱུར་བྱ་དགོས་སྐོར་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

གནས་ཚུལ་དེ་ཉིད་ནི་ཉེ་བའི་ཆར་ཨ་རིའི་མཚོ་དམག་གི་ཕར་རྒོལ་རུ་ཁག་ཁལ་ཝིན་སན་(Carl Vinson)བྱང་ཀོ་རི་ཡའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་པ་དང་། དེའི་ཐོག་མདང་དགོང་མཚན་དཀྱིལ་དུ་ཉི་ཧོང་མཚོ་དམག་གི་གཏོར་རྒོལ་དམག་གྲུ་དུ་མ་ཞིག་ཨ་རིའི་རྒྱབ་སྣོན་དུ་དངོས་སུ་བྱང་ཀོ་རི་ཡའི་ཕྱོགས་སུ་བསྐྱོད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པའི་གནས་ཚུལ་དབྱིན་ཡུལ་གྱི་གསར་ཁང་ལྟ་སྲུང་བས་(The Guardian)བཀོད་འདུག

ཨ་རིའི་མཚོག་དམག་ཕར་རྒོལ་རུ་ཁག་བྱང་ཀོ་རི་ཡའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་པ། #USS Carl Vinson

གནས་ཚུལ་དེའི་ཐད་རུ་ཀྲར་གསར་ཁང་དང་ཉི་ཧོང་གི་ཁྱོ་ཡོ་ཏོ་(Kyoto)གྲོང་ཁྱེར་གསར་ཁང་གིས་བརྗོད་གསལ། “ཉི་ཧོང་མཚོ་དམག་གཏོར་རྒོལ་དམག་གྲུ་དུ་མ་ཞིག་དང་། དམག་ཐོག་འགོག་སྲུང་ཕར་རྒོལ་བྱ་རྒྱུའི་དམག་གྲུའི་ཚན་པ་ཞིག་ཨ་རིའི་རྒྱབ་སྣོན་དུ་ཤར་རྒྱ་ནག་རྒྱ་མཚོའི་ཕྱོགས་ལ་ཐོན་རྒྱུ་རེད།”ཅེས་བརྗོད། ཉི་ཧོང་གི་གཞུང་འབྲེལ་སྐབས་དོན་གནད་ཡོད་མི་སྣས་བརྗོད་རྒྱུར། སྤྱིར་དམག་འཁྲུག་གི་ཉེན་ཁ་ཆུང་བར་མངོན་ཡང་གལ་སྲིད་ཨ་རི་དང་བྱང་ཀོ་རི་ཡའི་བར་དུ་མཚོ་ཐོག་དམག་འཁྲུག་འབྱུང་ཚེ། བྱང་ཀོ་རི་ཡའི་གོ་མཚོན་གྱི་མེ་ཤུགས་འཕུར་མདའ་350ལྷག་ཡོད་པ་དེ་དག་གི་ནང་ནས་ཉི་ཧོང་དུའང་བསླེབ་ངེས་ཀྱི་ཉེན་ཁའི་གསལ་བརྗོད་བྱས་འདུག

བདུན་སྔོན་མའི་རེས་གཟའ་ཉི་མའི་ཉིན་ཨ་རིའི་ཕར་རྒོལ་མཚོ་དམག་རུ་ཁག་དེ་ཉིད་བྱང་ཀོ་རི་ཡའི་ཕྱོགས་སུ་བསྐྱོད་འགོ་ཚུགས་ཡོད་པ་དང་། ཁས་ཉིན་རེས་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་ཉེན་བརྡ་བཏང་དོན། “གལ་སྲིད་ཨ་རིའི་མཚོ་དམག་གིས་བྱང་ཀོ་རི་ཡའི་ཕྱོགས་སུ་གཏོར་རྒོལ་ཅི་ཞིག་གཏོང་རྩིས་ཡོད་ཀྱང་། འདི་ཕྱོགས་ནས་རྡུལ་མཚོན་གྱི་ཡ་ལན་སྤྲོད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད།”ཅེས་བརྗོད་ཡོད་འདུག མ་ཟད། བྱང་ཀོ་རི་ཡའི་གཞུང་ཕྱོགས་གསར་ཁང་དེ་ཡིས་མུ་མཐུད་བརྗོད་དོན། “ད་ཐེངས་བྱང་ཀོ་རི་ཡའི་དམག་གི་ནུས་སྟོབས་ཇི་ཙམ་རྒྱས་ཡོད་མིན་ཤེས་ཐུབ་ལ། ང་ཚོས་ཀྱང་ད་ལན་ཨ་རི་དང་གདོང་ཐུག་འབྱུང་ཚེ། དམག་ནུས་ཆེ་བའི་ཤུགས་དྲག་གི་འོག་ནས་ཡ་ལན་དྲག་པོ་བསློག་རྒྱུ་ཡིན།”ཅེས་བརྗོད།

ཨ་རིའི་མཚོག་དམག་ཕར་རྒོལ་རུ་ཁག་གི་བྱ་རའི་དམག་གྲུ། #USS Carl Vinson

ཕྱོགས་གཉིས་ཀྱི་གནས་ཚུལ་ཛ་དྲག་ཏུ་གྱུར་བ་བརྒྱུད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། ཁ་སང་རེས་གཟའ་ལྷག་པའི་ཉིན་རྒྱབ་ཨ་རིའི་སྲིད་འཛིན་ཀྲམ་ཧྤི་ལ་ཁ་པར་བརྒྱུད་བྱང་ཀོ་རི་ཡའི་གནད་དོན་ཞི་འགྲིགས་ཡོང་རྒྱུའི་གྲོས་འགོ་བཏོན་ཡོད་པའི་གནས་ཚུལ་ཐོན་ཡོད། མ་ཟད། གནངས་ཉིན་སྤྱི་ཚེས་15ཉིན་བྱང་ཀོ་རི་ཡའི་རྒྱལ་སྟོན་དུས་ཆེན་(ཉི་མའི་ཉིན་མོ།)ཁེལ་གྱི་ཡོད་ཅིང་། སྐབས་དེར་རྡུལ་མཚོན་གྱི་ཚོད་ལྟ་ཆེ་ཤོས་དེའི་སྟོན་མོ་བཤམ་རྒྱུའི་ཉེན་ཁ་སྒོ་ཀུན་ནས་ཆེ་རབས་བརྗོད་བཞིན་འདུག

གནད་དོན་དེ་དག་གི་ཐད་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་དུ་ཁ་པར་ཐོག་གླེང་མོལ་ཡུན་རིང་བྱས་ཡོད་པར་བརྗོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་ཁ་པར་མ་འབྱོར་བའི་སྔོན་དུ། ཨ་རིའི་སྲིད་འཛིན་ཀྲམ་ཧྤི་ཡིས་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་བརྒྱུད་བརྗོད་དོན། “བྱང་ཀོ་རི་ཡས་དཀའ་རྙོག་འཚོལ་བཞིན་འདུག གལ་སྲིད་རྒྱ་ནག་གིས་རོགས་པ་བྱ་རྒྱུའི་ཁས་ལེན་བྱས་ཚེ། གནད་དོན་དེ་ཧ་ཅང་ཡག་པོ་རེད། དེ་མིན་རྒྱ་ནག་མེད་པའི་ཐོག་ནས་དཀའ་ངལ་དེ་ཉིད་ང་ཚོས་སེལ་ངེས་ཡིན། U.S.A.”ཞེས་བཀོད་ཡོད་འདུག

བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་དུས་རྟག་ཏུ་ཨ་རིར་རྡུལ་མཚོན་འཕེན་རྒྱུའི་གྲ་སྒྲིག་ཡོད་སྐོར་གསར་འགོད་བྱས་པ། ཡོང་ཁུངས། #CNN

མཐར་དེ་རིང་གི་བྱང་ཀོ་རི་ཡའི་བྱ་སྤྱོད་ལ་གཞིགས་ན། སྲུང་སྐར་པར་ལེན་བརྒྱུད་གསལ་རྟོགས་བྱུང་གསལ། བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་ཁང་དག་གི་ས་གནས་སུ་འགུལ་སྐྱོད་ཧ་ཅང་མང་ཞིང་། གནངས་ཉིན་གྱི་རྒྱལ་སྟོན་དུས་ཆེན་ཛ་དྲག་ངང་གྲ་སྒྲིག་བྱེད་བཞིན་ཡོད་པར་བརྗོད། ད་དུང་། བྱང་ཀོ་རི་ཡའི་རྒྱལ་ས་ཧྥོང་ཡན་(Pyongyang)དུ་ཕྱི་རྒྱལ་གྱི་གསར་འགོད་པ་200ལྷག་རྒྱལ་སྟོན་དུས་ཆེན་གྱི་གསར་འགོད་བྱ་རྒྱུའི་ཆེད་དུ་འདུ་འཛོམས་བྱུང་ཟིན་སྐོར་བརྗོད་བཞིན་འདུག དེ་བཞིན་ད་ལྟ་སྐར་མ་13ཙམ་གྱི་སྔོན་དུ་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་(Shinzo Abe)ཡིས་ཉེན་བརྡ་གཏོང་དོན། “བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའི་ནང་དུ་རྫས་འགྱུར་གྱི་བཙན་དུག་(Sarin: དུག་ཆེན་དེས་གཟུགས་པོའི་རྩ་དབུ་མ་ཐད་ཀར་ཉམས་པར་བྱས་ཏེ་སྲོག་འཕྲོག་གི་ཡོད།)བླུགས་ནས་ཕར་རྒོལ་བྱེད་ཉེན་ཡོད།”ཅེས་བརྗོད་སོང་།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།