ཨ་རིས་རྒྱ་ནག་ལ་མཁའ་དམག་གནམ་གྲུ་ཉོས་པའི་ཉེས་ཆད། རྒྱ་ནག་གིས་ཨ་རིར་ཉེན་བརྡ།


0
1875
རྒྱ་ནག་གིས་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨུ་རུ་སུའི་ལག་ནས་སྔོན་ཐོན་ཚན་རྩལ་གྱི་ནུས་པ་ངེས་ཅན་ལྡན་པའི་མཁའ་དམག་གནམ་གྲུ་དང་མཁའ་ཐོག་དམག་འཁྲུག་མེ་ཤུགས་འཕུར་མདའ་དུ་མ་ཞིག་ཉོས་པའི་གནས་ཚུལ་ཐོན་ཡོད།#China has told the US to withdraw sanctions on its military over purchases of Russian jets and missiles or "bear the consequences".

རྒྱ་ནག པེ་ཅིན། སྤྱི་ལོ་2018ཟླ་9ཚེས་21ཉིན། དེ་རིང་ཉིན་རྒྱབ་ནས་རྒྱ་གར་གྱི་གསར་ཁང་ཆེ་གྲས་ཧིན་རྡུ་སི་ཐན་དུས་བབ་(Hindustan Times)དང་། དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་ལྟ་སྲུང་བ་(The Guardian)སོགས་ཀྱིས་གནས་ཚུལ་སྤེལ་བཞིན་པ་ནི། ཉེ་ཆར་རྒྱ་ནག་གིས་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨུ་རུ་སུའི་ལག་ནས་སྔོན་ཐོན་ཚན་རྩལ་གྱི་ནུས་པ་ངེས་ཅན་ལྡན་པའི་མཁའ་དམག་གནམ་གྲུ་དང་མཁའ་ཐོག་དམག་འཁྲུག་མེ་ཤུགས་འཕུར་མདའ་དུ་མ་ཞིག་ཉོས་པའི་གནས་ཚུལ་ཐོན་ཡོད། དེ་བཞིན་ཨ་རིས་དེ་རིང་རེས་གཟའ་པ་སངས་ཉིན་ལམ་སེང་རྒྱ་ནག་གི་ཐོག་ཏུ་རྒྱལ་སྤྱིའི་དངུལ་གྱི་ཉེས་ཆད་དབབ་རྒྱུའི་གསལ་བསྒྲགས་སྤེལ་སོང་། ད་དུང་། ཨ་རིས་ཨུ་རུ་སུའི་དམིགས་བསལ་མི་སྣ་གྲངས་30ཡོངས་གྲགས་ཀྱིས་ཐོ་གཞུང་ནག་པོའི་ནང་དུ་བཅུག་ཡོད་འདུག

གནས་ཚུལ་དེའི་ཐད་རྒྱ་ནག་གཞུང་ཕྱོགས་ནས་དེ་རིང་ཨ་རིར་ཐད་ཀར་ནན་བརྗོད་བྱས་དོན།“སྲིད་འཛིན་ཞི་ཅིན་ཕིན་གྱི་དགོངས་གཞིའི་འོག་ངེད་རྒྱ་ནག་གིས་ཨུ་རུ་སུའི་ལག་ནས་གོ་མཚོན་ཉོ་བ་ནི་རྒྱ་ནག་དམག་དོན་གྱི་གཙོ་གནད་གནས་ཚུལ་ཆགས་ཀྱི་ཡོད། ཡག་ཤོས་འབྱུང་ན་ཨ་རིས་ཉེས་ཆད་དེ་ཉིད་ཕྱིར་འཐེན་བྱས་ན་དགའ་གི་རེད། དེ་མིན་མཇུག་འབྲས་ངན་པའི་འགན་ལེན་འཁུར་དགོས།”ཞེས་བརྗོད་པའི་གནས་ཚུལ་གསལ།

ཨུ་རུ་སུའི་མཁའ་དམག་གནམ་གྲུ་(Sokhoi Su-35)ནི་ད་ལྟའི་འཛམ་གླིང་མཁའ་དམག་གནམ་གྲུའི་ནང་གི་ཚན་རྩལ་སྔོན་ཐོན་རྩེ་ཕུད་ཀྱི་གྲས་དང་ཨ་རིའི་མཁའ་དམག་གནམ་གྲུར་འགྲན་བསྡུར་བྱ་མཁན་གྱི་གནམ་གྲུ་གཙོ་བོ་ཞིག་ཆགས་ཡོད།#China recently bought 10 Russian Sukhoi Su-35 fighter jets and S-400 missiles.

མུ་མཐུད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་འགྲེལ་བརྗོད་བྱས་དོན།“ཨ་རིའི་བྱེད་སྟངས་དེས་རྒྱལ་སྤྱིའི་གཞི་རྩའི་འབྲེལ་ལམ་འཛིན་ཕྱོགས་ལ་གནོད་སྐྱོན་གཏོང་གི་ཡོད། ང་ཚོས་ནན་སྐུལ་བྱ་རྒྱུར་ཨ་རིས་རང་ཉིད་ཀྱི་ནོར་འཁྲུལ་ལམ་སེང་ཡོ་བསྲང་བྱ་རྒྱུ་དང་། ཉེས་ཆད་དུ་བརྗོད་པ་དེ་ཉིད་ཕྱིར་འཐེན་བྱས་ན་བཟང་གི་རེད། དེ་མིན་མཇུག་འབྲས་བཟང་པོ་ཡོང་གི་མ་རེད། དེ་ནི་དམག་དོན་ཐོག་ཉེས་ཆད་བཏང་བ་ཞིག་རེད། མཇུག་འབྲས་ཀྱང་ཁས་ལེན་བྱ་དགོས་ངེས་རེད།”ཅེས་བསྐྱར་བརྗོད་བྱས་འདུག

དེ་རིང་ཨ་རིའི་གཞུང་འཛིན་ལྷན་ཁང་ནས་གནས་ཚུལ་དེའི་ཐད་ཞིབ་བརྗོད་བྱ་རྒྱུར།“རྒྱ་ནག་གིས་ཨུ་རུ་སུའི་ལག་ནས་མཁའ་དམག་གནམ་གྲུ་(Sokhoi Su-35)དང་། མཁའ་ཐོག་དམག་འཁྲུག་མེ་ཤུགས་འཕུར་མདའ་(S-400)ཉོས་པར་ང་ཚོས་དངུལ་ཆད་གཏོང་རྒྱུ་ཡིན། དེ་ནི་ཨ་རིའི་ཁྲིམས་ལུགས་སྡེ་ཚན་(Section 231)འོག་ང་ཚོས་ཐོ་གཞུང་ནག་པོའི་ནག་པོ་ནང་བཅུག་པའི་མི་སྣ་དང་འབྲེལ་བ་བྱས་པའི་ཉེས་པ་བསགས་ཡོད།”ཅེས་བརྗོད་འདུག རྒྱལ་སྤྱིའི་གསར་ལམ་ཁག་ནས་བརྗོད་གསལ་ལྟར་ན་དེ་རིང་རྒྱ་ནག་གི་ལན་འདེབས་དེ་བཞིན་མྱུར་པོ་དང་རྣོན་པོ་ཡོད་རབས་བརྗོད་བཞིན་འདུག

མཁའ་ཐོག་དམག་འཁྲུག་མེ་ཤུགས་འཕུར་མདའ་(S-400)དེ་ཉིད་ནི་མཁའ་ཐོག་དམག་འཁྲུག་ཁྲོད་སྤྱོད་སྒོ་ཆེ་བའི་ཤུགས་དྲག་ཅན་གྱི་འཕུར་མདའ་ཡག་ཤོས་ཤིག་ཆགས་ཀྱི་ཡོད། དེ་ནི་དམིགས་སུ་མཁའ་དམག་གནམ་གྲུ་གཏོར་བྱེད་དུ་བཟོས་པ་ཞིག་ཡིན།#The S-400 Triumf, previously known as the S-300PMU-3, is an anti-aircraft weapon system.

རྒྱལ་སྤྱིའི་དམག་དོན་ཉམས་ཞིབ་ཚོགས་པ་ཁག་གིས་དཔྱད་ཞིབ་དང་ལྷན་འགྲེལ་བརྗོད་བྱ་རྒྱུར།“ཨ་རིས་རང་ཉིད་ཀྱི་ངོ་སྲུང་དང་ཁེ་ཕན་ཆེད་དུ་བཟོས་པའི་ཁྲིམས་ལུགས་སྡེ་ཚན་(CAATSA)དེའི་འོག་རྒྱལ་ཁབ་གསུམ་པ་ལའང་ཉེས་ཆད་བཏང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད། གནས་ཚུལ་དེ་དང་འབྲེལ་ཕྱིས་སུ་ཀྲམ་ཧྥི་སྲིད་འཛིན་ལྷན་ཁང་གིས་ཨུ་རུ་སུར་ངོ་རྒོལ་བྱ་མཁན་གྱི་རྒྱལ་ཁབ་གཞན་དང་མཉམ་འབྲེལ་བྱས་ཚེ། རྒྱལ་ཁབ་གཞན་ཕན་ཚུན་བར་གྱི་འབྲེལ་ལམ་ལའང་དོ་ཕོག་འཐེབ་རྒྱུའི་འགན་ལེན་ཐུབ་དགོས་ངེས་རེད།”ཅེས་བརྗོད་བཞིན་འདུག 

ཨ་རིའི་ངོས་ནས་ད་ལྟའང་ཨུ་རུ་སུས་ཨ་རིའི་སྤྱི་ལོ་2016སྲིད་འཛིན་འོས་བསྡུར་གནོད་སྐྱོན་ཚབས་ཆེན་གཏོང་རབས་བརྗོད་བཞིན་འདུག་ཅིང་། སྲིད་འཛིན་ཀྲམ་ཧྥི་ཡིས་རྒྱུན་དུ་ཨུ་རུ་སུར་གནད་དོན་དེ་དང་འབྲེལ་ངན་བརྗོད་བྱེད་བཞིན་པ་ནི་“འོས་བསྡུའི་གནས་ཚུལ་དེ་ནི་བདུད་མོས་གནོད་པ་བཏང་བ་”ཞིག་རེད་ཅེས་བརྗོད་བཞིན་མཆིས། དེ་བཞིན་ད་ལན་ཨུ་རུ་སུའི་མི་སྣ་གལ་ཆེན་30ཐོ་གཞུང་ནག་པོ་ནང་བཅུག་པ་ནང་ནས་མི་སྣ་12ནི་ཨུ་རུ་སུའི་གསང་བའི་ལྷན་ཁང་གི་མི་སྣ་ཤ་སྟག་ཆགས་ཀྱི་ཡོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།