ཨ་རིས་ཇུ་རུ་ས་ལམ་ཨི་ཛི་རལ་གྱི་རྒྱལ་སར་ངོས་འཛིན། ཁ་ཆེར་མེ་སྟག་གསར་པ།

0
1096
དེ་རིང་པེ་ལི་སེ་ཊེན་གྱི་ངོ་རྒོལ་བས་དེ་ཁུལ་གྲོང་ཁྱེར་གྷ་ཛའི་ནང་དུ་ཨ་རི་དང་ཨི་ཛི་རལ་གྱི་རྒྱལ་དར་མེར་སྲེག་གི་ལས་འགུལ་སྤེལ་བཞིན་པ།#Palestinian protesters burn U.S. and Israeli flags in Gaza City on Wednesday. 2017.12.6

ཨ་རི། ཝ་ཤིང་ཊོན། སྤྱི་ལོ་2017ཟླ་12ཚེས་6ཉིན། ད་ལྟ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་བྷི་བྷི་སི་BBCགཙོས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཕལ་མོ་ཆེས་ཛ་དྲག་གི་གནས་ཚུལ་སྤེལ་གསལ། དཀྱིལ་ཤར་ཨ་རབ་ཁ་ཆེའི་རྒྱལ་ཁབ་རྣམས་ཀྱི་དབུས་སུ་གནས་པའི་འཇེའུ་རྒྱལ་ཁབ་སྟོབས་ཆེན་ཨི་ཛི་རལ་(Israel/以色列)ནི་དུས་ཀུན་ཏུ་ཨ་རིའི་མཐུན་ཕྱོགས་འགྱུར་མེད་ཅིག་ཆགས་ཀྱི་ཡོད་པ་ཡོངས་གྲགས་རེད། དེ་སྔོན་ཌོ་ནཱལ་ཀྲམ་ཧྥི་ཨ་རིའི་སྲིད་འཛིན་འོས་ཐོན་བྱུང་སྐབས་དམ་བཅའ་བཞག་དོན་ལྟར། ཨི་ཛི་རལ་དང་པེ་ལི་སི་ཊེན་(Palestine/巴勒斯坦)གཉིས་ཀྱི་རྩོད་རྙོག་ཆད་མེད་ཀྱི་གནས་ཆེན་གྲོང་ཁྱེར་ཇུ་རུ་ས་ལམ་(Jerusalem/耶路撒冷)གང་མགྱོགས་ཨི་ཛི་རལ་གྱི་རྒྱལ་སར་ཁྱབ་བསྒྲགས་སྤེལ་རྒྱུ་བྱས་ཡོད།

དེ་ལྟར་ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་སྤེལ་ཏེ་བརྗོད་དོན།“དེ་རིང་ནས་ཨ་རིའི་སྲིད་གཞུང་གིས་གྲོང་ཁྱེར་ཇུ་རུ་ས་ལམ་ཨི་ཛི་རལ་གྱི་རྒྱལ་སར་ངོས་འཛིན་བྱ་རྒྱུར་གཏན་ཁེལ་བྱུང་ཞིང་། རིམ་པས་ཏཱལ་ཨ་ཝིབ་(Tel Aviv)ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཇུ་རུ་ས་ལམ་དུ་སྤོ་རྒྱུ་ཡིན།”སྐོར་བརྗོད་འདུག དེ་བཞིན་དེ་རིང་རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་ཀྲམ་ཧྥི་ངོ་མས་གནས་ཚུལ་དེ་ཉིད་དང་འབྲེལ་ཡོད་གཞུང་འབྲེལ་གསལ་བསྒྲགས་སྤེལ་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག

ཨ་རིའི་སྲིད་འཛིན་ཀྲམ་ཧྥི་དང་ཨི་ཛི་རལ་གྱི་སྲིད་འཛིན་ན་ཏན་ཡ་ཧུ་ལྷན་དུ། ཨ་རིས་དེ་སྔོན་བརྗོད་དོན་ལྟར་ན་ཨི་ཛི་རལ་དང་པེ་ལི་སེ་ཊེན་གྱི་རྩོད་རྙོག་དེ་ཉིད་ནམ་ཡང་ཞི་ཐུབ་པའི་འབད་བརྩོན་བྱ་འཆར་ཡོད་སྐོར་བརྗོད་ཡོད།#US hopeful of plan for lasting peace between Israel and Palestinians.

དེ་ལྟར་ན་ད་ལྟའི་ཆར་ཨ་རི་ནི་འཛམ་གླིང་ནང་ཇུ་རུ་ས་ལམ་ཨི་ཛི་རལ་གྱི་རྒྱལ་སར་ངོས་འཛིན་བྱེད་མཁན་ཐོག་མ་དེ་ཉིད་ཆགས་པ་དང་། དེ་བཞིན་ཨི་ཛི་རལ་སྲིད་གཞུང་གི་ངོས་ནས་ཀྱང་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ཚོས་ཨ་རིའི་རྗེས་སུ་འབྲངས་རྒྱུའི་རེ་སྐུལ་ཞུས་ཡོད་པ་རེད་འདུག ད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ནང་གི་སེམས་ཁྲལ་གསར་པ་ཞིག་སྟེ་ཇུ་རུ་ས་ལམ་ནི་ཆོས་ལུགས་ཆེན་པོ་གསུམ་གྱི་གནས་ཆེན་གྲོང་ཁྱེར་ཞིག་ཡིན། དམིགས་བསལ་པེ་ལི་སེ་ཊེན་(ཁ་ཆེའི་རྒྱལ་ཁབ་)དང་། རང་ཉིད་ཀྱི་བཙན་གནོན་པ་ཨི་ཛི་རལ་(འཇེའུ་རྒྱལ་ཁབ་)བར་དུ་གདོང་ཐུག་བྱུང་ཡུལ་གཙོ་བོ་དེ་ཉིད་ཆགས་ཀྱི་ཡོད། མ་ཟད། གྲོང་ཁྱེར་ཇུ་རུ་ས་ལམ་ནི་པེ་ལི་སེ་ཊེན་རང་བཙན་འཐབ་རྩོད་ཁྲོད་ཀྱི་ས་གནས་གལ་འགངས་ཆེ་ཤོས་ཤིག་ཏུ་གྱུར་ཞིང་། ད་ལྟའི་ཆར་ཤར་ཁུལ་ཇུ་རུ་ས་ལམ་ནི་པེ་ལི་སེ་ཊེན་གྱི་རྒྱལ་སར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

འཛམ་གླིང་ཉེ་རབས་ལོ་རྒྱུས་ཁྲོད་ཕྱིར་མིག་བལྟས་ཚེ་ཨི་ཛི་རལ་དང་པེ་ལི་སེ་ཊེན་བར་གྱི་རྩོད་རྙོག་ནི་སྤྱི་ལོ་1920ལོར་པེ་ལི་སེ་ཊེན་དབྱིན་གཞུང་གི་འོག་ཏུ་ཡོད་དུས་ནས་འགོ་བཙུགས་པ་ཞིག་དང་། དམག་ཆེན་གཉིས་པའི་སྐབས་སུ་འཇར་མན་གྱིས་སྣེ་ཁྲིད་དེ་ཡོ་རོབ་ཁུལ་དུ་འཇེའུ་མི་རིགས་སྡེབ་གསོད་དང་གཉའ་གནོན་གྱི་ལས་འགུལ་ཤུགས་ཆེན་བྱུང་སྟབས། འཇེའུ་མི་རིགས་རྣམས་རིམ་པས་དཀོན་མཆོག་གིས་གནང་བའི་དག་ཞིང་དུ་འབོད་དེ་ད་ལྟའི་ཨི་ཛི་རལ་གྱི་ས་གནས་སུ་བྲོས་བྱོལ་དུ་འབྱོར་ཡོད། ད་ལྟའི་ཨི་ཛི་རལ་རྒྱལ་ཁབ་དེ་ཉིད་སྤྱི་ལོ་1948ལོར་གཞི་ནས་གསར་དུ་ངོས་འཛིན་བྱུང་བའི་འཛམ་གླིང་ནང་གི་འཇེའུ་རྒྱལ་ཁབ་གཅིག་པུ་དེ་ཡིན། མི་འབོར་ས་ཡ་8ལྷག་ཙམ་ལས་མེད་པའི་འཇེའུ་སྲིད་གཞུང་གི་མངའ་ཐང་ཧ་ཅང་མྱུར་པོ་རྒྱས་འགོ་ཚུགས་ཤིང་། པེ་ལི་སེ་ཊེན་གཙོས་ཉེ་འཁོར་ཨ་རབ་རྒྱལ་ཁབ་དག་ལ་དམག་འཐབ་བྱས་ཏེ་རིམ་པས་ཨི་ཛི་རལ་གྱིས་ས་ཁྱོན་ཧ་ཅང་ཆེན་པོ་བཟུང་ཡོད།

གྲོང་ཁྱེར་ཇུ་རུ་ས་ལམ།  གནས་ཆེན་གྲོང་ཁྱེར་དེ་ཉིད་ནི་ཆོས་ལུགས་ཁག་གསུམ་གྱི་དམག་འཁྲུག་རྒྱག་ཡུལ་ཞིག་ཏུ་གྱུར་ཡོད། #Jerusalem

དེ་ལྟར་ཕྱོགས་གཉིས་ཀྱི་ས་རྩོད་གནད་དོན་ནི་ལོ་ངོ་སྟོང་ཕྲག་འགའི་སྔོན་གྱི་ལྷ་སྒྲུང་སོགས་ཡོངས་སུ་བསྲེས་ཏེ་རྩོད་བཞིན་ཡོད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་བར་དུ་ཡིད་ཆེས་ཟེར་བ་ནི་ཉིན་མོའི་སྐར་མ་ལྟར་གྱུར་ཏེ། དུས་ཀུན་ཏུ་ཐུག་ཙམ་བྱུང་ཚེ་ལམ་སེང་རྩོད་རྙོག་ལང་བཞིན་གནས་མུས་རེད། ད་ལན་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་གནད་དོན་དེ་ཉིད་ཀྱི་ཐད་ཨི་ཛི་རལ་གྱི་རྒྱབ་ཏུ་ལངས་ཏེ་རྩོད་རྙོག་གི་གཞི་མ་ཇུ་རུ་ས་ལམ་ཨི་ཛི་རལ་གྱི་རྒྱལ་སར་བསྒྲགས་པ་ནི། དཀྱིལ་ཤར་རྒྱལ་ཁབ་ཁག་གི་ནང་དུ་ཟིང་འཁྲུག་ཆེན་པོ་སློང་རྒྱུའི་རྒྱུ་རྐྱེན་ཆེན་པོ་ཞིག་བཟོས་ཡོད་པར་གླེང་།

ཨ་རིའི་ཐག་ཆོད་དེའི་ཐད་ད་སྐབས་འཛམ་གླིང་ནང་གི་ཁ་ཆེའི་རྒྱལ་ཁབ་དུ་མ་ཞིག་གིས་སྐྱོན་བརྗོད་དང་དགག་པ་ཚ་ནན་རྒྱག་འགོ་ཚུགས་ཟིན་པར་བརྗོད། དེ་ཡང་ཊར་ཀིའི་སྲིད་འཛིན་གྱིས་སྲིད་འཛིན་ཀྲམ་ཧྥིར་སྐྱོན་བརྗོད་བྱས་དོན།“ཨ་རིས་ང་ཚོ་ཁ་ཆེ་བ་ཚོའི་དམར་ཐིག་ལས་བརྒལ་བ་ངེས་དགོས། ང་ཚོས་མཐར་གཏུགས་ན་ཨི་ཛི་རལ་དང་ལྷན་དུ་གཞུང་གི་འབྲེལ་ལམ་ཡོངས་སུ་གཅོད་མ་ཐུབ་པ་མེད།”ཅེས་བརྗོད་འདུག

པེ་ལི་སེ་ཊེན་གྱི་ངོ་རྒོལ་བ། ད་སྐབས་ཨ་རིའི་སྲིད་འཛིན་གྱི་ཐག་ཆོད་དེས་ཨ་རབ་ཁ་ཆེའི་རྒྱལ་ཁབ་ཁག་ནས་དྲག་པོའི་ངོ་རྒོལ་གྱི་ཟིང་འཁྲུག་རྒྱུན་ཆད་མེད་པར་ཡོང་ཉེན་ཡོད་པར་བརྗོད་བཞིན་འདུག#Trump is forging ahead with plans to recognize Jerusalem as Israel’s capital despite intense Arab, Muslim and European opposition to a move that would upend decades of U.S. policy and risk potentially violent protests.

དེ་བཞིན་རྒྱལ་སྤྱིའི་ཁ་ཆེའི་མཐུན་ཚོགས་ཀྱིས་ཀྱང་ཨ་རིར་ཉེན་བརྡ་དང་འགན་འཁུར་དགོས་པའི་བསྒྲགས་གཏམ་སྤེལ་དོན།“ད་ལྟ་ཨ་རིས་ངེད་ཨ་རབ་དབྱི་སི་ལམ་རྗེས་མཇུག་པ་རྣམས་ཀྱི་ཐོག་ཏུ་དམར་རྗེན་ངང་ངོ་རྒོལ་དང་ཁ་གཏད་གཅོག་གི་ཡོད་པ་རེད།”ཅེས་བརྗོད་འདུག  དེ་བཞིན་ཚོང་དོན་སྟོབས་ཆེན་ཨ་རབ་མཐུན་ཚོགས་ཀྱིས་ཀྱང་ཨ་རིའི་ཐག་ཆོད་དེའི་ཐད་བསྐྱར་དུ་བསམ་གཞིགས་བྱེད་དགོས་པའི་སྐུལ་མ་དང་རེ་སྐུལ་ཞུས་ཡོད་འདུག

ཕྱོགས་གཞན་ནས་ད་སྐབས་རྒྱལ་སྤྱིའི་ནུབ་ཕྱོགས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ད་ལྟ་གནས་ཚུལ་དེའི་ཐད་སྐད་ཆ་ཤོད་རྒྱུ་སྔ་དྲགས་པར་ངོས་འཛིན་གྱིས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཛིན་བཞིན་ཡོད་པར་གླེང་། དེ་མཚུངས་འཇར་མ་ནི་གཞུང་གིས་རང་ཁོངས་མི་སེར་རྣམས་ལ་དེ་རིང་ནས་(2017.12.6)ཨི་ཛི་རལ་སྐྱོད་རྒྱུའི་ཐད་ཉེན་བརྡ་བཏང་ཞིང་། ཇུ་རུ་ས་ལམ་དང་ཨི་ཛི་རལ་གྱི་ས་མཚམས་གནས་ཡུལ་བཅས་སུ་ངོ་རྒོལ་སོགས་ཀྱི་མི་སེར་ནང་འཁྲུག་གི་གནས་ཚུལ་ཡོང་ཉེན་ཡོད་སྐོར་བསྒྲགས་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།