ཨ་རིའི་ཤཱི་ཁ་གྷོ་གྲོང་ཁྱེར་ནང་སྲིད་འཛིན་ཀྲམ་ཧྥི་བཀག་སྡོམ། གནས་སྤོ།

0
2929
ད་ལྟའི་ཤཱི་ཁ་གྷོ་གྲོང་ཁྱེར་སྤྱི་ཁྱབ་ནི་དེ་སྔ་སྲིད་འཛིན་ཟུར་པ་ཨོ་བྷ་མའི་ཕོ་བྲང་དཀར་པོའི་ལས་བྱེད་དོ་དམ་འགན་འཛིན་རེད།#President Barack Obama right, talks with Chicago Mayor Rahm Emanuel left, as he walks off Air Force One after arriving at O'Hare International Airport in Chicago, Thursday, May 22, 2014.

ཨ་རི། ཤཱི་ཁ་གྷོ། སྤྱི་ལོ་2017ཟླ་9ཚེས་8ཉིན། དེ་རིང་དབྱིན་ཡུལ་གྱི་རང་དབང་གསར་ཁང་(Independent)གིས་གནས་ཚུལ་སྤེལ་གསལ། ཉེ་སྔོན་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་སྲིད་འཛིན་ཁྲིར་འཁོད་རྗེས་གསལ་བསྒྲགས་སྤེལ་བ་ལྟར། ཨ་རིའི་ནང་དུ་ཡིག་ཆ་ཚད་ལྡན་མེད་པའི་སྐྱབས་བཅོལ་བ་དག་གི་བུ་ཕྲུག་རྣམས་ལ་རྨི་ལམ་གཏོང་མཁན་དུ་བརྗོད་ཅིང་། ད་སྐབས་དངོས་སུ་ཨ་རིའི་ནང་དུ་བུ་ཕྲུག་དེ་དག་གི་མ་འོངས་པའི་ཤེས་ཡོན་ཐོབ་ཐང་སོགས་ཡོངས་སུ་རྩ་འགོག་བྱ་རྒྱུའི་འཆར་གཞི་ལག་བལྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག གནས་ཚུལ་དེ་ཉིད་ཐོན་རྗེས་དེ་རིང་ཨ་རིའི་འཛུགས་སྐྲུན་གྲོང་ཁྱེར་ཆེན་མོ་ཤཱི་ཁ་གྷོའི་(Chicago)གྲོང་ཁྱེར་སྤྱི་ཁྱབ་ཆེན་མོས་གསལ་བསྒྲགས་སྤེལ་དོན།“ངེད་གྲོང་ཁྱེར་གྱི་ནང་དུ་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡི་ལས་གཞི་དེ་ཉིད་ཁས་ལེན་རྩ་བ་ནས་མེད་ལ་ཁྱོན་ཡོངས་ནས་བཀག་སྡོམ་བྱ་རྒྱུ་ཡིན། མ་ཟད། གྲོང་ཁྱེར་ཤཱི་ཁ་གྷོ་ནི་སྲིད་འཛིན་ཀྲམ་ཧྥི་ཡི་ཐེ་བྱུས་མེད་པའི་གྲོང་ཁྱེར་ཞིག་ཡིན།”ཞེས་བསྒྲགས་ཡོད་འདུག 

མུ་མཐུད་གྲོང་ཁྱེར་དེ་ཉིད་ཀྱི་སྤྱི་ཁྱབ་པས་ནན་བརྗོད་བྱས་དོན།“ཤཱི་ཁ་གྷོའི་གྲོང་ཁྱེར་ནང་དུ་ཡོད་པའི་རྨི་ལམ་གཏོང་མཁན་དུ་བརྗོད་པའི་ན་གཞོན་ཡོངས་ཀྱིས་ནམ་ཡང་དངངས་འཚབ་བྱེད་མི་དགོས་ལ། ངེད་གྲོང་ཁྱེར་གཞུང་ཕྱོགས་ནས་ཤཱི་ཁ་གྷོའི་གྲོང་ཁྱེར་ནང་དུ་ཁྱོད་ཚོའི་རྨི་ལམ་མངོན་འགྱུར་ཡོང་བ་བྱ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན། མ་ཟད། ང་ཚོས་མཐུན་རྐྱེན་ཡོད་ཚད་སྦྱོར་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། མདོར་ན་ཁྱེད་ཚོའི་རྨི་ལམ་དང་ང་ཚོ་འབྲེལ་ཞིང་ང་ཚོ་ཡང་ཁྱེད་ཚོའི་རྨི་ལམ་གྱི་ཆ་ཤས་སུ་འགྱུར་འདོད་ཡོད།”ཅེས་བརྗོད་སོང་། དོན་དངོས་སུ་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མས་ཡིག་ཆ་ཚད་ལྡན་མེད་པའི་སྐྱབས་བཅོལ་བའི་བུ་ཕྲུག་དེ་དག་སྲུང་སྐྱོབ་ཆེད། ལས་གཞི་ཊ་ཁཱ་(DACA)ཞེས་པ་དེ་ཉིད་གསར་འཛུགས་བྱས་པ་ཞིག་རེད། ལས་གཞི་དེའི་དགོས་དམིགས་ནི་གནས་སྤོའི་འགྲོ་ལུགས་ཁྲིམས་ཡིག་(Immigration Policy)འོག་ཡིག་ཆ་མེད་པའི་སྐྱབས་བཅོལ་བའི་བུ་ཕྲུག་དེ་དག་ཨ་རིར་འབྱོར་རྗེས་ཕྱིར་སློག་བྱ་ཆོག་གི་མེད་པ་བཟོས་ཡོད།

ད་ལྟའི་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་སྲིད་གཞུང་གི་སྲིད་བྱུས་གསར་པའི་དགོངས་དོན་ལྟར་ན། ཡིག་ཆ་ཚད་ལྡན་མེད་པའི་གནས་སྤོས་སྐྱབས་བཅོལ་བ་དག་གི་ཕྲུ་གུར་ཨ་རིའི་སྤྱི་དམངས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ་མེད་པ་བཟོ་འཆར་ཡོད་པ་དང་། ཕྲུ་གུ་དག་གི་མ་འོངས་པའི་ཤེས་ཡོན་གྱི་མཐུན་རྐྱེན་སོགས་ཁྱོན་ཡོངས་ནས་རྩ་འགོག་བྱ་རྒྱུའི་ལས་གཞི་གཏན་ཁེལ་གྱི་གསལ་བསྒྲགས་སྤེལ་འདུག དེས་མ་ཟད་ཨ་རིའི་ནང་དུ་ཡིག་ཆ་ངེས་ཅན་མེད་པའི་སྐྱབས་བཅོལ་བ་ན་གཞོན་ལོ་ཆུང་ཁྱོན་འབུམ་བརྒྱད་(800,000)ཕྱིར་སློག་བྱ་རྒྱུའི་ཉེན་མཚམས་སུ་བསླེབ་བཞིན་པའི་གནས་ཚུལ་ཐོན་བཞིན་མཆིས། གང་ལ་ཞེ་ན་སྲིད་འཛིན་ཟུར་པ་ཨོ་བྷ་མའི་ལས་འཆར་དེའི་འོག་ད་ལྟའི་ཆར་སྐྱབས་བཅོལ་གནས་སྤོས་པའི་ཕྲུ་གུ་ཁྱོན་འབུམ་བརྒྱད་ལྷག་ཨ་རིའི་ནང་གསོ་སྐྱོང་བྱེད་བཞིན་ཡོད་འདུག གནས་སྤོས་སྲིད་བྱུས་ཀྱི་ལས་གཞི་དེའི་མཚན་བྱང་ནི་དབྱིན་སྐད་དུ་(DACA-Deferred Action for Childhood Arrivals)ཞེས་རང་སྐད་དུ་ཨ་རིར་འབྱོར་བའི་ཕྲུ་གུར་བརྩི་འཇོག་ལས་གཞི་ཞེས་བརྗོད།

སྐབས་དོན་དཀའ་ངལ་གྱི་འོག་ཏུ་ཚུད་པའི་ཕྲུ་གུའི་ཕ་མས་ངུ་གིན་རེ་འབོད་བྱེད་བཞིན་པ། #Mr. Trump’s Attorney General Jeff Sessions announced the decision to scrap the DACA program.

དོན་དངོས་ཐོག་བདུན་འདིའི་གཟའ་འགོར་སྲིད་འཛིན་ཀྲམ་ཧྥི་ཡིས་དེ་སྔའི་སྲིད་འཛིན་ཨོ་བྷ་མའི་སྐབས་ཀྱི་གོང་སྨྲོས་ལས་གཞི་དེ་ཉིད་ཕྱིར་བསྡུ་བྱ་གཏན་ཁེལ་བར་བརྗོད་ཅིང་། གསལ་བསྒྲགས་ཀྱི་ནང་དོན་ལྟར་ན་ད་ལྟ་འབྱོར་ཟིན་པའི་འབྲེལ་ཡོད་སྙན་ཞུ་རྣམས་འབྱུང་འགྱུར་ཟླ་དྲུག་རིང་ངོས་ལེན་དང་དམིགས་བསལ་ནུས་པ་གང་ཡང་ཐོན་རྒྱུ་མིན་པ་དང་། སྙན་ཞུ་གསར་པ་ཅི་ཡང་ལེན་རྒྱུ་མེད་པའི་ཐག་ཆོད་བྱུང་བའི་གནས་ཚུལ་བརྗོད། འོན་ཀྱང་། དེ་རིང་ཤཱི་ཁ་གྷོའི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་རེམ་-ཨེ་མཱ་ནུལ་(Rahm Emmanuel)ལགས་ཀྱིས། གྲོང་ཁྱེར་དེ་གའི་སློབ་འབྲིང་ཞིག་ཏུ་གསར་འགོད་གསལ་བསྒྲགས་སྤེལ་ཏེ་བརྗོད་དོན།“སྲིད་འཛིན་ཀྲམ་ཧྥི་ཡི་ཐག་གཅོད་དེ་དག་ངེད་གྲོང་ཁྱེར་གྱི་ནང་དུ་ནུས་པ་གང་ཡང་ཐོན་འཆར་མེད་ཅིང་། ང་ཚོས་ཁྱེད་ཅག་ཀུན་ལ་ཕེབས་བསུ་ཞུ་རྒྱུ་ཡིན། ད་དུང་། གྲོང་ཁྱེར་འདི་བཞིན་ཁྱེད་ཅག་གི་ཁྱིམ་ཚང་ཡིན་པས་ནམ་ཡང་སེམས་ཁྲལ་བྱེད་དགོས་དོན་མེད།”ཅེས་བརྗོད་འདུག

ཁོང་གིས་མུ་མཐུད་གནད་དོན་དེ་དང་འབྲེལ་ཡོད་ནང་མི་ཀུན་ལ་གསལ་བརྗོད་གནང་དོན།“ཤཱི་ཁ་གྷོའི་ནང་དུ་ང་ཚོའི་སློབ་གྲྭ་ཁག་དང་། ཁྱིམ་མཚེས། དེ་བཞིན་ང་ཚོའི་གྲོང་ཁྱེར་ཁོར་ཡུག་ཁྱོན་ཡོངས་ལ་སྲིད་འཛིན་ཀྲམ་ཧྥི་ཡིས་ཇི་བཤད་ལ་ནུས་པ་ཅི་ཡང་མེད། མདོར་ན་གྲོང་ཁྱེར་འདིའི་ནང་སྲིད་འཛིན་ཀྲམ་ཧྥི་དང་འབྲེལ་བ་གང་ཡང་མེད། ཁྱེད་ཚོས་སེམས་ཁྲལ་ཅི་ཡང་བྱེད་མི་དགོས། ཁྱེད་ཅག་ཀུན་དང་འབྲེལ་ཡོད་ནང་མི་ཡོད་ཚད་ཀྱི་ཤེས་དགོས་པ་ཞིག་ནི། ངའི་རེ་བར་ཁྱེད་ཚོས་མུ་མཐུད་སྔར་རྒྱུན་བཞིན་སློབ་གྲྭར་ཡོང་བ་དང་།  རང་ཉིད་ཀྱི་ཕུགས་བསམ་ལ་སྙེགས་དགོས། གཞན་གནས་ཚུལ་གང་གི་ཐད་ལའང་སེམས་ཁྲལ་བྱེད་མི་དགོས།”ཞེས་བརྗོད་འདུག

འབྲེལ་ཡོད་གནད་དོན་ཐད་སྲིད་འཛིན་ཀྲམ་ཧྥིར་མི་དམངས་ཀྱིས་ངོ་རྒོལ་བྱེད་བཞིན་པ། “ཁོང་ཚོ་སྡོད་ཀྱི་རེད། ཁྱེད་རང་སོང་།”

ལས་གཞི་དེ་ཉིད་སྤྱི་ལོ་2012ལོར་སྲིད་འཛིན་ཟུར་པ་ཨོ་བྷ་མས་གསར་འཛུགས་བྱས་པ་ཞིག་དང་། ན་ནིང་ཁོང་ལས་གནས་རྩིས་སྤྲོད་མ་བྱས་གོང་ཙམ་དུ་ལས་གཞི་དེ་ཉིད་ཀྱི་འོག་ཏུ་ཚུད་པའི་(རང་ལོ་16མ་སོན་གོང་ནས་ཨ་རིར་འབྱོར་བ་དང་། སྤྱི་ལོ་2007ནས་མུ་མཐུད་ཨ་རིར་གནས་མུས་ཡིན་པ་དགོས་ཀྱི་ཡོད།)ཡིག་ཆ་ཚད་ལྡན་མེད་པའི་ཕྲུ་གུ་ཡོངས་ལ་བསྐྱར་ལོ་ཡུན་འཕར་མ་གཉིས་ཀྱི་ནང་ཨ་རི་ནས་ཕྱིར་ཕུད་བྱེད་ཆོག་གི་མེད་པའི་ཁྲིམས་ཐོག་གི་གོ་སྐབས་ཀྱང་སྤྲད་འདུག སྲིད་འཛིན་ཟུར་པ་ཨོ་བྷ་མའི་ཐག་ཆོད་དེའི་ཐད་ད་ལྟའི་སྲིད་འཛིན་ཀྲམ་ཧྥི་སྲིད་གཞུང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་སྐུ་ཞབས་ཇེབ་ཧྥར་སན་(Jefferson Sessions)ལགས་ཀྱིས་གསལ་བརྗོད་གནང་དོན། “ཨོ་བྷ་མའི་ལས་གཞི་དེ་ཉིད་ད་ཡོད་སྲིད་འཛིན་ཀྲམ་ཧྥིའི་གཞུང་འཛིན་ངོས་ནས་ཕྱིར་བསྡུ་བྱས་ཟིན་པ་རེད། གནས་སྤོས་ཁྲིམས་ལུགས་ཀྱི་ཐད་ནས་ཨོ་བྷ་མའི་ཐག་ཆོད་དེ་ཉིད་ཁྲིམས་དང་མཐུན་གྱི་མེད། དེ་ནི་དབང་ཆ་སྒེར་སྤྱོད་བྱས་པ་ཞིག་ཆགས་ཀྱི་ཡོད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།