ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཕྱིར་ཕུད་གཏོང་འཆར་གྱི་གླེང་སློང་། ཚ་གླེང་།

0
1238
སྤྱི་ལོ་2017ཟླ་2ཚེས་1ཉིན། སྐུ་ཞབས་ཊི་ལར་སན་ལགས་ཀྱིས་ཨ་རིའི་རྒྱལ་སྲིད་དྲུང་ཆེའི་ལས་གནས་ཀྱི་དམ་འབུལ་བྱེད་བཞིན་པའི་སྐབས་ཀྱི་འདྲ་པར།#President Donald Trump looks to Secretary of State Rex Tillerson after he was sworn in in the Oval Office of the White House in Washington, Wednesday, Feb. 1, 2017. (AP Photo/Carolyn Kaster)

ཨ་རི། ཝ་ཤིང་ཊོན། སྤྱི་ལོ་2017ཟླ་12ཚེས་1ཉིན། ད་ལྟ་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་ཆེ་གྲས་NDTVདང་། ཨ་རིའི་ཝ་ཤིང་ཊོན་ཆ་འཕྲིན་གསར་ཁང་(Washington Post)སོགས་ཀྱིས་གནས་ཚུལ་སྤེལ་བཞིན་པ་ནི། ཨ་རིའི་སྲིད་འཛིན་གྱི་ཁྲི་འོག་ཏུ་ཆེས་གལ་འགངས་ཆེ་ཤོས་ཀྱི་རྐུབ་སྟེགས་དེ་ནི་ཨ་རིའི་རྒྱལ་སྲིད་དྲུང་ཆེའི་གོ་གནས་ཆགས་ཀྱི་ཡོད། འོན་ཀྱང་། ད་སྐབས་གནས་དབྱུང་ཟིན་པའི་ཕོ་བྲང་དཀར་པོའི་ལས་བྱེད་སྔ་མ་རྣམས་ལྟར་རྒྱལ་སྲིད་དྲུང་ཆེ་ཊེ་ལར་སན་(Rex Tillerson)ཡང་མགྱོགས་མྱུར་གནས་དབྱུང་གཏོང་འཆར་ཡོད་པའི་གནས་ཚུལ་ཕྱི་གྱར་བྱུང་སྐོར་བརྗོད་བཞིན་འདུག

གནས་ཚུལ་དེའི་ཐད་ཨ་རིའི་རེས་གཟའ་ཕུར་བུའི་ཉིན་ཕོ་བྲང་དཀར་པོའི་སྲིད་འཛིན་ལྷན་ཁང་གི་ལས་བྱེད་ཁག་གཉིས་ཀྱིས་འགྲེལ་བརྗོད་བྱས་དོན།“ད་སྐབས་ཕོ་བྲང་དཀར་པོའི་ནང་དུ་རྒྱལ་སྲིད་དྲུང་ཆེ་གནས་དབྱུང་གཏོང་རྒྱུའི་ཐད་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཨ་རིའི་ཆེས་མཐོའི་བདེ་སྲུང་ལས་གནས་གཉིས་ཀྱི་ཐོག་སྲིད་འཛིན་ཀྲམ་ཧྥིར་སེམས་པ་རྣམ་དག་ཡིན་པའི་མི་སྣ་གསར་པ་གཉིས་བསྐོ་གཞག་བྱ་འཆར་ཡོད་པ་རེད།”ཅེས་བརྗོད་འདུག ཕྱོགས་གཞན་ནས་གསར་ལམ་ཁག་ནས་རྒྱལ་སྲིད་དྲུང་ཆེ་ཊེ་ལར་སན་གྱིས་ལས་དོན་དུ་མ་ཞིག་འཐུས་ཤོར་གཏོང་བཞིན་ཡོད་སྐོར་གླེང་ཞིང་། ཕྱོགས་འགལ་མང་གཙོ་ཚོགས་པ་དང་ནང་ཁུལ་སྤྱི་མཐུན་ཚོགས་པའི་ཁུངས་ནས་ཀྱང་གནད་དོན་དུ་མ་ཞིག་གི་ཐད་སྐྱོན་བརྗོད་བྱེད་བཞིན་ཡོད་སྐོར་གྱི་གནས་ཚུལ་བརྗོད།

ཨ་རིའི་ཆེས་མཐོའི་གསང་བའི་ལྷན་ཁང་གི་འགན་འཛིན་སྐུ་ཞབས་པོམ་པོའི་ལགས།#CIA director Mike Pompeo.

ད་ལྟའི་ཆར་གླེང་སློང་དང་ཚོད་དཔག་བྱེད་བཞིན་པ་ལྟར་ན། གནས་ཚུལ་དེ་ཉིད་མངོན་འགྱུར་འབྱུང་ཚེ་ཨ་རིའི་གྲོས་ཚོགས་ནང་གི་འུར་ཟིང་ཆེ་ཤོས་ཀྱི་གནད་དོན་ཞིག་ཏུ་འགྱུར་ཉེན་ཡོད་པར་བརྗོད་བཞིན་འདུག དེ་ལྟར་རྒྱལ་སྲིད་དྲུང་ཆེ་ཊེ་ལར་སན་གནས་དབྱུང་བཏང་ཚེ་ཁོང་གི་ཚབ་ཏུ་ཨ་རིའི་ཆེས་མཐོའི་གསང་བའི་ལྷན་ཁང་(CIA)གི་འགན་འཛིན་པོམ་པོའི་(Mike Pompeo)ལགས་བསྐོ་འཆར་ཡོད་པ་དང་། པོམ་པོའི་ལགས་ཀྱི་ལས་གནས་སུ་སྲིད་འཛིན་ཀྲམ་ཧྥིའི་ལྟ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་གྲགས་ཅན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀྲོམ་ཀོ་ཊོན་(Sen. Tom Cotton)ལགས་བསྐོ་འཆར་ཡོད་པར་བརྗོད་བཞིན་འདུག

དེ་ལྟར་ན་གསང་བའི་ལྷན་ཁང་གི་འགན་འཛིན་པོམ་པོའི་ནི་སྲིད་འཛིན་ཀྲམ་ཧྥི་ཡིས་ཅི་གསུང་བཀའ་སྒྲུབ་ཞུ་མཁན་གྱི་རྒྱབ་སྐྱོར་བ་གཙོ་གྲས་ཤིག་ཡིན་པ་དང་། གྲོས་ཚོགས་ཚོགས་མི་ཀྲོམ་ཀོ་ཊོན་ནི་སྲིད་འཛིན་ཀྲམ་ཧྥི་ཡི་ལངས་ཕྱོགས་ལ་སྒོ་ཀུན་ནས་དགའ་མོས་བྱེད་མཁན་ཞིག་ཏུ་བརྗོད་བཞིན་ཡོད། གསར་ཁང་ཁག་ལ་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལ་གཞིགས་ན། ད་ལན་གྱི་འཆར་གཞི་འདི་བཞིན་ཕོ་བྲང་དཀར་པོའི་ལས་བྱེད་འགན་འཛིན་སྐུ་ཞབས་ཇོན་ཁེ་ལི་(John F. Kelly)ལགས་ཀྱིས་བསྒྲིགས་པ་ཞིག་ཡིན་པ་དང་། ཁོང་ལ་སྲིད་འཛིན་ལྷན་ཁང་གི་ལས་ཁུངས་ནང་མའི་ལས་བྱེད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཡོད་པར་བརྗོད་བཞིན་འདུག འོན་ཀྱང་། སྲིད་འཛིན་ཀྲམ་ཧྥི་ཡིས་འཆར་གཞི་དེའི་ཐོག་མཚན་རྟགས་བཀོད་ཡོད་མིན་བཤད་ཚོད་ཐིག་གི་མི་འདུག་ཅེས་བརྗོད་འདུག

ཧར་ཝ་ཊི་ཁྲིམས་ལུགས་གཙུག་ལག་སློབ་ཆེན་ཐོན་ཞིང་སྲིད་འཛིན་ཀྲམ་ཧྥིའི་ལྟ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་གྲགས་ཅན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀྲོམ་ཀོ་ཊོན།#Reports suggested Pompeo could then be replaced by Sen. Tom Cotton (R-Ark.), perhaps the hardest-line hawk in the Senate.

འདས་པའི་ཟླ་ཤས་ལ་ཕྱིར་མིག་བལྟས་ཚེ་སྲིད་འཛིན་ཀྲམ་ཧྥི་ཡིས་རྒྱལ་སྲིད་དྲུང་ཆེའི་ཐོག་ཏུ་འདོད་བློ་མི་ཁེངས་པའི་གཏམ་གླེང་དུ་མ་ཞིག་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་ཐོག་མངོན་རྒྱུ་ཡོད་ཅིང་། དམིགས་བསལ་རྒྱལ་སྲིད་དྲུང་ཆེས་བྱང་ཀོ་རི་ཡའི་ཕྱོགས་སུ་གྲོས་མོལ་གྱི་རེ་སྒུག་བྱེད་བཞིན་དུས་ཚོད་དང་ནུས་ཤུགས་ཡོད་ཚད་འཕྲོ་བརླག་གཏོང་གི་ཡོད་སྐོར་ཡང་བརྗོད་ཡོད། ད་དུང་། དེ་རིང་ཝ་ཤིང་ཊོན་ཆ་འཕྲིན་གསར་ཁང་གི་གནས་ཚུལ་བཀོད་དོན་ལྟར་ན། སྲིད་འཛིན་ཀྲམ་ཧྥི་དང་ཁོང་གི་ལས་བྱེད་རྒན་པ་ཚོས་གང་ཐུབ་ཀྱིས་རྒྱལ་སྲིད་དྲུང་ཆེ་མཆོག་ཨ་རིའི་ནང་སྲིད་ཐད་ཀྱི་འདུ་འཛོམས་དང་ཐུག་འཕྲད་རྣམས་ལ་འགྲོ་རྒྱུར་བཀག་འགོག་བྱེད་བཞིན་པ་དང་། རིམ་པས་བརྒྱུད་རིམ་ལྡན་པའི་ངང་རྒྱལ་སྲིད་དྲུང་ཆེའི་ནུས་ཤུགས་གཅོག་འགོ་བཙུགས་ཟིན་པར་བརྗོད་བཞིན་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།