ཨ་རིའི་འཕུར་མདའ་གཏོར་ངེས་ཡིན། འཕུར་མདའི་ས་ཚུགས་ཀྱང་གཏོར་རྒྱུ་ཡིན།

0
2129
ན་ནིང་ཡང་སེ་རི་ཡའི་གཞུང་དམག་གིས་མི་སེར་ཐོག་ཏུ་རྫས་འགྱུར་འབར་རྫས་གཡུགས་པའི་གནད་དོན་འོག་ཨ་རིས་སེ་རི་ཡའི་མཁའ་དམག་གནམ་ཐང་དུ་ཁྱོན་རྒྱང་སྐྱོད་འཕུར་མདའ་59འཕངས་ཏེ་དྲག་རྒོལ་བྱས་ཡོད།#The US had fired 59 missiles at a Syrian airbase after a similar attack last year.

ཨུ་རུ་སུ། མོ་སི་ཁོ། སྤྱི་ལོ་2018ཟླ་4ཚེས་12ཉིན། མདང་དགོང་རྒྱལ་སྤྱིའི་རུ་ཀྲར་(Reuters)གསར་ཁང་ལ་སོགས་པས་ཛ་དྲག་གནས་ཚུལ་སྤེལ་གསལ་ལྟར་ན། ཉིན་ཤས་སྔོན་སེ་རི་ཡའི་(Syria/叙利亚)ནང་དུ་གཞུང་དམག་གིས་མི་སེར་གྱི་ཐོག་ཏུ་རྫས་འགྱུར་དུག་རླངས་འབར་རྫས་འཕངས་པར་བརྗོད་བཞིན་པའི་གནས་ཚུལ་དེའི་ཐད། ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་སེ་རི་ཡའི་གཞུང་ཐོག་ལ་ན་ནིང་ལྟར་འཕུར་མདའི་དྲག་རྒོལ་བྱ་རྒྱུའི་འཇིགས་སྐུལ་བྱས་ཤིང་། སེ་རི་ཡའི་གཞུང་དམག་གི་བྱ་སྤྱོད་དེ་རིགས་མི་སྤྱོད་ལས་འདས་ཤིང་བཟོད་སྒོམ་བྱ་ཐབས་མེད་སྐོར་གསལ་བསྒྲགས་སྤེལ་ཡོད། དེའི་ལན་དུ་ལི་བྷ་ནོན་ (Lebanon/黎巴嫩)བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་པས་ཨ་རིར་ནན་བརྗོད་བྱས་དོན།“ཨ་རིས་སེ་རི་ཡའི་ཕྱོགས་སུ་འཕངས་པའི་འཕུར་མདའ་ཡོད་ཚད་གཏོར་རྒོལ་གཏོང་རྒྱུའི་གྲ་སྒྲིག་ཡིན་ཞིང་། ཨ་རིའི་འཕུར་མདའི་འཕེན་ཡུལ་གྱི་ས་ཚུགས་དག་ཀྱང་ང་ཚོས་གཏོར་རྒོལ་གཏོང་རྒྱུའི་མིག་འོག་ཏུ་ཚུད་ཡོད།”ཅེས་ནན་བརྗོད་བྱས་འདུག

ད་དུང་མུ་མཐུད་ཨུ་རུ་སུའི་གཞུང་ཚབ་དེ་ཉིད་ཀྱིས་ནན་བརྗོད་བྱས་དོན།“གལ་སྲིད་ཨ་རིས་བསམ་བློ་དེ་ཙམ་མ་བཏང་བར་གོམ་པ་དེ་ཉིད་སྤོས་ཚེ། སེ་རི་ཡའི་དམག་འཁྲུག་ཁྱོན་ཡོངས་ནས་ཆེས་ཚབས་ཆེན་དུ་འགྱུར་རྒྱུའི་འགོ་བསླངས་པ་རེད།”ཅེས་བརྗོད་འདུག དེ་བཞིན་ལི་བྷ་ནོན་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་དེ་ཉིད་ཀྱིས་བསྐྱར་བརྗོད་བྱ་རྒྱུར།“ངས་དེ་རིང་བཤད་པའི་སྐད་ཆ་དེ་དག་ནི་མོ་སི་ཁོར་ཡོད་པའི་ང་ཚོའི་སྲིད་འཛིན་པུ་ཏིན་གྱི་དགོངས་པ་དང་། ཨུ་རུ་སུ་གཞུང་དམག་སྲིད་ཁང་གི་དགོངས་པ་གཞིར་བཞག་ནས་སྐད་ཆ་ཤོད་ཀྱི་ཡོད།”ཅེས་བརྗོད།

ལི་བྷ་ནོན་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་པ་ཨེ་ལེག་ཛེན་ཊར།#Russia’s ambassador to Lebanon Alexander Zasypkin said any US missiles fired at Syria would be shot down and the launch sites targeted.

སྤྱིར་བདུན་འདིའི་ནང་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ལྷོ་ཨ་མེ་རི་ཁའི་ཁུལ་དུ་ཕྱོགས་སྐྱོད་བྱ་རྒྱུའི་ལས་འཆར་བསྒྲིགས་ཡོད་མོད། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་སེ་རི་ཡའི་གྱེན་ལངས་གྲོང་སྡེའི་ཐོག་ཏུ་རྫས་འགྱུར་དུག་རླངས་འབར་རྫས་གཡུགས་པའི་གནས་ཚུལ་དེ་ཉིད་བྱུང་རྗེས་སྲིད་འཛིན་ཀྲམ་ཧྥིའི་ཕྱོགས་སྐྱོད་དེ་དག་ཕྱིར་འཐེན་བྱས་ཏེ། སྐབས་དོན་གནས་ཚུལ་དེའི་ཐད་སེ་རི་ཡའི་གཞུང་ལ་རྒོལ་ལན་ནམ་སློབ་ཚན་ཡག་པོ་འཁྲིད་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་འདུག འོན་ཀྱང་། ད་ལན་གྱི་ཨུ་རུ་སུའི་ཛ་དྲག་གི་ལན་འདེབས་དེར་ཨ་རིས་ཡ་ལན་ཇི་སྤྲོད་ཐད་དམག་དོན་དང་ཕྱི་འབྲེལ་ཆབ་སྲིད་པ་ཚོས་བློ་འཚབ་ཅུང་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་མཆིས།

 དེ་ཡང་བདུན་སྔོན་མའི་རེས་གཟའ་སྤེན་པའི་ཉིན་སེ་རི་ཡའི་གྲོང་ཁྱེར་གྷོའུ་ཏཱའི་(Ghouta)ཤར་ཁུལ་དུ་མཁའ་དམག་གནམ་གྲུ་ཞིག་གིས་མེ་སེར་གྱི་ཐོག་ཏུ་རྫས་འགྱུར་དུག་རླངས་འབར་རྫས་འཕངས་ཡོད་པའི་གནས་ཚུལ་ཐོན་ཞིང་། ཡིད་སྐྱོ་དགོས་པའི་དོན་རྐྱེན་ཁྲོད་ཁྱོན་ཉེས་མེད་ཀྱི་མི་སེར་70དམར་གསོད་ཕྱིན་ཡོད་འདུག ད་ལྟའི་ཆར་ཨ་རིས་མཚོ་ཐོག་ནས་རྒྱང་སྐྱོད་འཕུར་མདའི་ཆ་རྐྱེན་ཡོངས་སུ་ཚང་བའི་དམག་གྲུ་འབྲིང་གྲས་གྲ་སྒྲིག་བྱས་ཟིན་འདུག་པ་དང་། དེ་བཞིན་ཆུ་འཛུལ་དམག་གྲུ་སོགས་གྲ་སྒྲིག་ནན་ཏན་བྱས་ཏེ་སེ་རི་ཡའི་ཕྱོགས་སུ་འཕུར་མདའི་དྲག་རྒོལ་བྱ་རྒྱུའི་བཀའ་རྒྱ་སྒུག་བཞིན་ཡོད་པའི་གནས་ཚུལ་ཐོན་ཞིང་། ཁ་སང་རེས་གཟའ་ལྷག་པའི་ཉིན་ཕོ་བྲང་དཀར་པོའི་ལས་བྱེད་པ་དག་གིས་ཀྱང་སྲིད་འཛིན་ཀྲམ་ཧྥིའི་འཆར་གཞི་དེ་ཉིད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་གནས་ཚུལ་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།