ཨ་རིའི་གཞུང་ཚབ་གནས་སྤོ་དང་ངོ་རྒོལ་བ་བསད་གྲངས་60བར་དུ་འཕར་བ། ཨི་ཛི་རལ།

0
1378
པེ་ལི་སི་ཊིན་གྱི་དང་བླངས་མྱུར་སྐྱོབ་མི་སྣས་ངོ་རྒོལ་བ་རྨས་པ་མྱུར་སྐྱོབ་བྱ་ཐབས་བྱེད་བཞིན་པ།#It comes a day after the United States transferred its Israel embassy from Tel Aviv to the disputed city of Jerusalem in a move that infuriated the Palestinians and was widely condemned.

ཨི་ཛི་རལ། ཇུ་རུ་ས་ལམ། སྤྱི་ལོ་2018ཟླ་5ཚེས་15ཉིན། ད་ལྟ་རྒྱ་གར་གྱི་མྱུར་འཕྲིན་གསར་ཁང་(Indian Express)གཙོས་གསར་ཁང་ཕལ་མོ་ཆེས་ཐད་གཏོང་གནས་ཚུལ་སྤེལ་ཁ་སྣོན་བྱེད་ཀྱིན་བརྗོད་གསལ། ན་ནིང་ལོ་མཇུག་ཏུ་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་སྲིད་འཛིན་དམ་འབུམ་མཛད་སྒོའི་རྗེས་སུ་དམ་བཅའ་བཞག་པ་བཞིན། ཁ་སང་ཕྱི་དྲོ་ཨི་ཛི་རལ་(Israel/以色列)དུ་ཡོད་པའི་ཨ་རིའི་གཞུང་ཚབ་དེ་ཉིད་ཨི་ཛི་རལ་དང་པེ་ལི་སི་ཊེན་(Palestine/巴勒斯坦)གྱི་རྩོད་གཞི་ཅན་གྱི་གྲོང་ཁྱེར་ཇུ་རུ་ས་ལམ་(Jerusalem/耶路撒冷)དུ་གནས་སྤོའི་མཛད་སྒོ་འདུས་པའི་གནས་ཚུལ་ཐོན་ཡོད། དེ་ནི་ཨ་རིའི་སྲིད་འཛིན་ཀྲམ་ཧྥིའི་སྲིད་བྱུས་གསར་པ་ཞིག་དང་། དཀྱིལ་ཤར་ཁ་ཆེའི་ཡུལ་གྲུ་ཁག་གི་དབུས་སུ་ཨ་རིའི་དབང་ཤུགས་རྒྱ་སྐྱེད་གཏོང་རྒྱུའི་ཐབས་ལམ་ཤུགས་དྲག་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

དེ་ལྟར་ཁ་སང་དང་དེ་རིང་ཉིན་གཉིས་ཀྱི་རིང་ཨི་ཛི་རལ་གྱི་ས་མཚམས་པེ་ལི་སི་ཊེན་གྱི་གྲོང་ཁྱེར་གྷ་ཛའི་(GAZA)ནང་དུ་ངོ་རྒོལ་ཤུགས་ཆེན་བྱུང་ཞིང་། ངོ་རྒོལ་བ་གཉའ་གནོན་ཆེད་ཁྱོན་ཨི་ཛི་རལ་གཞུང་དམག་གིས་པེ་ལི་སི་ཊིན་གྱི་ངོ་རྒོལ་བ་མི་གྲངས་60དམར་གསོད་བཏང་ཟིན་པའི་གནས་ཚུལ་ཐོན་བཞིན་འདུག གསར་ལམ་འགའ་ནས་གནས་ཚུལ་སྤེལ་གསལ་ལྟར་ན་ད་དུང་དེ་རིང་ཡང་ངོ་རྒོལ་གྱི་མེ་རླབས་ཆེ་རུ་འགྲོ་ཉེན་ཡོད་པའི་གནས་ཚུལ་བརྗོད་ཅིང་། ཁ་སང་སྤྱི་ཚེས་14ཉིན་དེ་ནི་འདི་ལོའི་པེ་ལི་སི་ཊེན་གྱི་ཉིན་ནག་ཆེས་ཡ་ང་ཤོས་དེ་ཉིད་དུ་གྱུར་སྐོར་བསྒྲགས། མ་ཟད། དེ་ལྟ་ཆུ་ཚོད་འགའི་སྔོན་དུ་པེ་ལི་སི་ཊེན་གྱིས་འགྲེལ་བརྗོད་བྱས་དོན་ལྟར་ན་དེ་རིང་རེས་གཟའ་མིག་དམར་གྱི་ཉིན་དེ་ནི་སྤྱི་ལོ་1948ལོའི་དམག་འཁྲུག་འོག་པེ་ལི་སི་ཊིན་གྱི་མི་གྲངས་700000ལ་སྡུག་གཅོང་ཚད་མེད་ཕོག་པའི་དྲན་གསོའི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་བརྗོད་འདུག

གྲོང་ཁྱེར་གྷ་ཛར་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ། ད་དུང་མུ་མཐུད་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན་པའི་གནས་ཚུལ་ཐོན།#Fresh protests were expected today a day after Israeli forces killed 59/60 Palestinians during clashes and protests along the Gaza border.

དོན་རྐྱེན་བྱུང་ཡུལ་པེ་ལི་སི་ཊིན་གྱི་གྲོང་ཁྱེར་གྷ་ཛའི་འཕྲོད་བསྟེན་བློན་ཆེན་གྱིས་བརྗོད་དོན།“ཨི་ཛི་རལ་གྱི་རྒྱང་འཕེན་ཆེད་ལས་མེ་མདའ་མཁས་པས་ང་ཚོའི་མི་དམངས་ཁྱོན་59/60དམར་གསོད་བཏང་ཡོད་པ་རེད། ད་དུང་། མིག་ཚ་བྱེད་ཀྱི་དུག་རྫས་མང་དྲགས་པས་ལོ་ངོ་16ལ་མ་སོན་པའི་ཕྲུ་གུ་8རྐྱེན་ལམ་དུ་བཏང་འདུག”ཅེས་བརྗོད། སྤྱིར་སྤྱི་ལོ་2014ནས་འདི་ལོ་བར་འདས་པའི་ལོ་བཞི་མ་ཟིན་ཙམ་རིང་ཕྱོགས་གཉིས་ཀྱི་རྩོད་རྙོག་གནས་ཚུལ་ཁྲོད་ཨི་ཛི་རལ་དམག་མིས་པེ་ལི་སི་ཊིན་གྱི་མི་སེར་ཁྱོན་2400ལྷག་ལ་རྨས་སྐྱོན་བཏང་ཡོད་པའི་སྙན་ཐོ་གསལ། ད་ལྟ་པེ་ལི་སི་ཊིན་ནང་ཡོད་སུ་ནྭི་དབྱི་སི་ལམ་འཐབ་རྩོད་ཚོགས་པ་ཧྭ་མ་སི་(Hamas)ཡིས་གསལ་བསྒྲགས་སྤེལ་དོན།“རེས་གཟའ་མིག་དམར་ཉིན་མུ་མཐུད་ཨི་ཛི་རལ་དང་ཨ་རིའི་བྱེད་སྟངས་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞིང་། ཁྲིམས་འགལ་ངང་ང་ཚོའི་རང་ས་བཙན་གྱིས་འཕྲོགས་པ་དང་། གཉའ་གནོན་ཚབས་ཆེན་དེ་རིགས་ལ་ང་ཚོས་ནམ་ཡང་མགོ་སྒུར་དང་ཁ་བཙུམས་ནས་སྡོད་ཀྱི་མ་རེད།”ཅེས་བརྗོད་པའི་གནས་ཚུལ་ཐོན།

དེ་ལྟར་ཨ་རིས་རང་ཉིད་ཀྱི་གཞུང་ཚབ་རྩོད་གཞི་ཅན་གྱི་གྲོང་ཁྱེར་ཇུ་རུ་ས་ལམ་དུ་སྤོས་པ་ནི་རང་ཤུགས་ཀྱིས་ཇུ་རུ་ས་ལམ་ཨི་ཛི་རལ་གྱི་རྒྱལ་སར་ངོོས་འཛིན་བྱས་པར་གྱུར་གྱི་ཡོད། དེ་མཚུངས་ཨ་རི་ནི་འཛམ་གླིང་ནང་ཇུ་རུ་ས་ལམ་ཨི་ཛི་རལ་གྱི་རྒྱལ་སར་ངོས་འཛིན་བྱེད་མཁན་ཐོག་མ་དེ་ཉིད་ཆགས་པ་དང་། ཨི་ཛི་རལ་སྲིད་གཞུང་གི་ངོས་ནས་ཀྱང་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ཚོས་ཨ་རིའི་རྗེས་སུ་འབྲངས་རྒྱུའི་རེ་སྐུལ་ཞུས་ཡོད། ད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ནང་གི་སེམས་ཁྲལ་གསར་པ་ཞིག་སྟེ་ཇུ་རུ་ས་ལམ་ནི་ཆོས་ལུགས་ཆེན་པོ་གསུམ་གྱི་གནས་ཆེན་གྲོང་ཁྱེར་ཞིག་ཡིན། དམིགས་བསལ་པེ་ལི་སེ་ཊེན་(ཁ་ཆེའི་རྒྱལ་ཁབ་)དང་། རང་ཉིད་ཀྱི་བཙན་གནོན་པ་ཨི་ཛི་རལ་(འཇེའུ་རྒྱལ་ཁབ་)བར་དུ་གདོང་ཐུག་བྱུང་ཡུལ་གཙོ་བོ་དེ་ཉིད་ཆགས་ཀྱི་ཡོད། མ་ཟད། གྲོང་ཁྱེར་ཇུ་རུ་ས་ལམ་ནི་པེ་ལི་སེ་ཊེན་རང་བཙན་འཐབ་རྩོད་ཁྲོད་ཀྱི་ས་གནས་གལ་འགངས་ཆེ་ཤོས་ཤིག་ཏུ་གྱུར་ཞིང་། ད་ལྟའི་ཆར་ཤར་ཁུལ་ཇུ་རུ་ས་ལམ་ནི་པེ་ལི་སེ་ཊེན་གྱི་རྒྱལ་སར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

ཁ་སང་ཕྱི་དྲོ་ཨི་ཛི་རལ་དུ་ཡོད་པའི་ཨ་རིའི་གཞུང་ཚབ་དེ་ཉིད་ཨི་ཛི་རལ་དང་པེ་ལི་སི་ཊེན་གྱི་རྩོད་གཞི་ཅན་གྱི་གྲོང་ཁྱེར་ཇུ་རུ་ས་ལམ་དུ་གནས་སྤོའི་མཛད་སྒོ་འཚོགས་སྐབས།#US embassy opening in Jerusalem in the conflict’s bloodiest day in years.

འཛམ་གླིང་ཉེ་རབས་ལོ་རྒྱུས་ཁྲོད་ཕྱིར་མིག་བལྟས་ཚེ་ཨི་ཛི་རལ་དང་པེ་ལི་སེ་ཊེན་བར་གྱི་རྩོད་རྙོག་ནི་སྤྱི་ལོ་1920ལོར་པེ་ལི་སེ་ཊེན་དབྱིན་གཞུང་གི་འོག་ཏུ་ཡོད་དུས་ནས་འགོ་བཙུགས་པ་ཞིག་དང་། དམག་ཆེན་གཉིས་པའི་སྐབས་སུ་འཇར་མན་གྱིས་སྣེ་ཁྲིད་དེ་ཡོ་རོབ་ཁུལ་དུ་འཇེའུ་མི་རིགས་སྡེབ་གསོད་དང་གཉའ་གནོན་གྱི་ལས་འགུལ་ཤུགས་ཆེན་བྱུང་སྟབས། འཇེའུ་མི་རིགས་རྣམས་རིམ་པས་དཀོན་མཆོག་གིས་གནང་བའི་དག་ཞིང་དུ་འབོད་དེ་ད་ལྟའི་ཨི་ཛི་རལ་གྱི་ས་གནས་སུ་བྲོས་བྱོལ་དུ་འབྱོར་ཡོད། ད་ལྟའི་ཨི་ཛི་རལ་རྒྱལ་ཁབ་དེ་ཉིད་སྤྱི་ལོ་1948ལོར་གཞི་ནས་གསར་དུ་ངོས་འཛིན་བྱུང་བའི་འཛམ་གླིང་ནང་གི་འཇེའུ་རྒྱལ་ཁབ་གཅིག་པུ་དེ་ཡིན། མི་འབོར་ས་ཡ་8ལྷག་ཙམ་ལས་མེད་པའི་འཇེའུ་སྲིད་གཞུང་གི་མངའ་ཐང་ཧ་ཅང་མྱུར་པོ་རྒྱས་འགོ་ཚུགས་ཤིང་། པེ་ལི་སེ་ཊེན་གཙོས་ཉེ་འཁོར་ཨ་རབ་རྒྱལ་ཁབ་དག་ལ་དམག་འཐབ་བྱས་ཏེ་རིམ་པས་ཨི་ཛི་རལ་གྱིས་ས་ཁྱོན་ཧ་ཅང་ཆེན་པོ་བཟུང་ཡོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ།ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།