ཨ་བྱང་དམག་འཁྲུག་ལང་ན་ཧ་མི་ལས། ང་ཚོས་གྲ་སྒྲིག་བྱེད་བཞིན་ཡོད།-ཨུ་རུ་སུ།

0
1577
ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་ཨ་རིར་ནན་བརྗོད་བྱས་དོན། གལ་སྲིད་ཨ་རིས་བྱང་ཀོ་རི་ཡ་གཏོར་འདོད་ན་ཁ་གསལ་གཏིང་གསལ་བྱས་ཏེ་ཐོན་དགོས་ཟེར།#US should come clean if it’s looking for pretext to destroy N. Korea – Russian FM Lavrov

ཨུ་རུ་སུ། མོ་སི་ཁོ། སྤྱི་ལོ་2017ཟླ་12ཚེས་4ཉིན། ཉིན་ཤས་ནང་ཨུ་རུ་སུས་ཨ་རི་དང་བྱང་ཀོ་རི་ཡའི་ཛ་དྲག་གནས་ཚུལ་ཐད་ཉེན་བརྡ་དང་ཨ་རིར་ངོ་རྒོལ་གྱི་སྐད་ཆ་དུ་མ་ཞིག་ཤོད་བཞིན་ཡོད་པ་རེད། དེ་ཡང་ཉིན་ཤས་ནང་ཨུ་རུ་སུའི་གཞུང་འབྲེལ་རྒྱལ་སྤྱིའི་དབྱིན་ཡིག་གསར་ཁང་ཨུ་རུ་སུའི་དུས་བབ་(Russian Times)ཐོག་གནས་ཚུལ་བསྟུད་མར་སྤེལ་མུས་བཞིན། ཨུ་རུ་སུ་གཞུང་བདེ་སྲུང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་པཱ་ཏུ་རུ་ཤྭིབ་(Nikolay Patrushev)ལགས་ཀྱིས་ནན་བརྗོད་བྱས་དོན།“གལ་སྲིད་ཀོ་རི་ཡའི་མཚོ་ཁུལ་དུ་དམག་འཁྲུག་འབྱུང་ཚེ་དེ་ནི་ཨུ་རུ་སུའི་དམག་དོན་ལ་མཚོན་ན་གནད་དོན་གཙོ་ཆེན་ཞིག་ཆགས་ཀྱི་ཡོད། དེར་བརྟེན་དངོས་སུ་དམག་འཁྲུག་དེ་ཉིད་མངོན་འགྱུར་འབྱུང་ཚེ་ཨུ་རུ་སུས་མིག་བཙུམ་ནས་སྡོད་ཀྱི་མ་རེད།”ཅེས་བརྗོད་བཞིན་འདུག

དེ་བཞིན་ཨུ་རུ་སུ་གཞུང་ངོས་ཀྱི་སེམས་འཚབ་འགྲེལ་བརྗོད་བྱས་དོན།ཉིན་ཤས་སྔོན་བྱང་ཀོ་རི་ཡས་མིག་དམར་བཅོ་ལྔ་པའི་(Hwasong-15)ཚོད་ལྟ་བྱས་ཤིང་། ཁོང་ཚོའི་ངོས་ནས་རྒྱང་སྐྱོད་འཕུར་མདའ་དེ་ཉིད་ཀྱིས་ཨ་རི་རྒྱལ་ཡོངས་སུ་སྙོབ་ཀྱི་ཡོད་པའི་གསལ་བསྒྲགས་སྤེལ་ཡོད། དེ་བཞིན་ཝ་ཤིང་ཊོན་གྱི་ཕྱོགས་ནས་ཀྱང་མཇུག་འབྲས་ངན་པ་ཡོང་རྒྱུའི་ཉེན་བརྡ་དྲག་པོ་བཏང་དོན། ད་ལྟའི་ཆར་བྱང་ཀོ་རི་ཡའི་བྱེད་ལས་རེ་རེས་ང་ཚོ་དམག་འཁྲུག་གི་ཕྱོགས་སུ་བཙན་དེད་བྱེད་ཀྱི་འདུག་ཅེས་བརྗོད་ཡོད། ད་སྐབས་ཡུལ་གཉིས་ཀ་དངོས་སུ་དམག་འཁྲུག་ལང་རྒྱུའི་ཉེན་ཚབས་ཇེ་ཆེའི་ཕྱོགས་སུ་སྐྱོད་བཞིན་པ་དངོས་རེད་འདུག”ཅེས་བརྗོད།

ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་རོབ།#Russian Foreign Minister Sergey Lavrov.

ཨུ་རུ་སུ་གཞུང་བདེ་སྲུང་ལྷན་ཚོགས་ཀྱི་འགན་འཛིན་གྱིས་མུ་མཐུད་བརྗོད་དོན།“ངེད་ཨུ་རུ་སུའི་གཞུང་ནས་སྐབས་དོན་ཨ་བྱང་གཉིས་ཀྱི་ཁ་དམག་དེ་ཉིད་དངོས་སུ་དམག་འཁྲུག་ངོ་མར་འགྱུར་སྐབས། ཅི་ཞིག་བྱེད་དགོས་མིན་གྱི་གདམ་ཀ་འགའ་ཡོད་པ་རྣམས་ཀྱི་ལྗིད་ཚད་འདེག་བཞིན་ཡོད།”ཅེས་བརྗོད་འདུག ད་དུང་། ཁོང་གིས་མུ་མཐུད་ནན་བརྗོད་བྱས་དོན།“ང་ཚོས་བྱང་ཀོ་རི་ཡའི་གནད་དོན་ཐད་སྔོན་རྩིས་རྒྱག་བཞིན་ཡོད། མ་ཟད། གྲ་སྒྲིག་ཀྱང་བྱེད་བཞིན་ཡོད། གལ་སྲིད་དངོས་སུ་དམག་འཁྲུག་འབྱུང་ཡང་གནས་ཚུལ་དེས་ངེད་ཨུ་རུ་སུ་ཧ་ལས་ཀྱི་མ་རེད།”ཅེས་བརྗོད་འདུག

གཞན་ཁོང་གིས་དམག་འཁྲུག་གི་གྱོང་གུད་དང་འབྲེལ་ནས་འགྲེལ་བརྗོད་བྱས་དོན།“སྤྱིར་དམག་འཁྲུག་དེ་ཉིད་གཡོལ་ཐབས་མེད་པའི་གནས་སུ་གྱར་བཞིན་ཡོད་མོད། ཕྱོགས་ཀུན་གྱིས་བློས་གཏོང་ཅི་ཞིག་བྱ་དགོས་འབྱུང་ཡང་དམག་འཁྲུག་དེ་ཉིད་ལས་གཡོལ་ཐབས་བྱེད་དགོས། ངེད་ཨུ་རུ་སུ་ཡང་སྐབས་དོན་གྱི་དམག་འཁྲུག་ལང་རྒྱུར་སྒུག་བཞིན་མེད། གང་ལ་ཞེ་ན་ང་ཚོའི་རྒྱལ་ཁབ་ཀྱང་བྱང་ཀོ་རི་ཡའི་ས་འབྲེལ་ཆགས་ཀྱི་ཡོད།”ཅེས་བརྗོད་འདུག

ད་སྐབས་དྲ་ལམ་ཁག་ནས་ཨ་རི་དང་ཨུ་རུ་སུའི་དམག་སྟོབས་ཞིབ་བསྡུར་བྱ་མཁན་གྱི་གྲངས་ཚད་རིམ་པས་འཕར་བཞིན་ཡོད་པར་མངོན།#Rising USA vs Russia military strength comparison throughout the Internet.

ཨུ་རུ་སུའི་ཕྱོགས་ནས་སྐབས་དོན་དམག་འཁྲུག་གི་ཉེན་ཚབས་དང་ཨུ་རུ་སུའི་ལྟ་ཚུལ་འགྲེལ་བརྗོད་བྱས་དོན།“གལ་སྲིད་དམག་འཁྲུག་དེ་ཉིད་མངོན་འགྱུར་བྱུང་སྟེ། རྒྱལ་ཁབ་ངེས་ཅན་འགས་དམག་འཁྲུག་དེ་ཉིད་ཐག་ཆོད་བྱ་མ་ཐུབ་ཚེ་ངེད་རྒྱལ་ཁབ་ཀྱང་དེ་རྗེས་ཀྱི་མཇུག་འབྲས་ནང་དུ་ཚུད་རྒྱུ་རེད། དོན་དངོས་སུ་ངེད་གཞུང་ཕྱོགས་ནས་ཨ་རིར་བརྗོད་ཟིན་པ་ལྟར་དཀའ་རྙོག་དེ་ཉིད་སེལ་ཐབས་གཙོ་བོ་ནི་གྲོས་མོལ་བྱ་རྒྱུ་ལས་གཞན་མཐོང་གི་མེད། འོན་ཀྱང་། ཨ་རིའི་གཞུང་འབྲེལ་མཐོ་རིམ་མི་སྣས་དམག་འཁྲུག་དེ་ཉིད་ཀྱི་ཕྱོགས་སུ་ཨུ་ཚུགས་ཀྱིས་སྐྱོད་ཐབས་བྱེད་བཞིན་འདུག”ཅེས་བརྗོད་འདུག

ཨུ་རུ་སུས་ཨ་རིའི་གཞུང་འབྲེལ་མཐོ་རིམ་མི་སྣས་དམག་འཁྲུག་གི་ཕྱོགས་སུ་ཨུ་ཚུགས་ཀྱིས་སྐྱོད་ཐབས་བྱེད་བཞིན་འདུག་ཅེས་བརྗོད་དོན་ནི། ཨ་རིའི་གཞུང་འཛིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷེ་ར་ཧེམ་(Sen. Lindsay Graham)ལགས་ཀྱིས་དེ་ལྟར་བརྗོད་ཡོད།“གལ་སྲིད་ཧྥོང་ཡན་དང་དམག་འཁྲུག་ཤོར་ཚེ་མི་དམངས་ཧ་ཅང་མང་པོ་ཤི་རྒྱུ་གཏན་ཁེལ་རེད་ལ། གནོད་ཚབས་ཀྱང་ཧ་ཅང་ཆེན་པོ་ཡོང་ངེས་རེད། འོན་ཀྱང་། གནས་ཚུལ་ལ་འགྱུར་ལྡོག་མ་བྱུང་ན་ཝ་ཤིང་ཊོན་ལ་གདམ་ཀ་གཞན་མེད་དུས་གནས་ཚུལ་དེ་ཉིད་ཀྱི་ཕྱོགས་སུ་མ་སྐྱོད་ཐབས་མེད་རེད།”ཅེས་བརྗོད་པ་དེ་རེད།

འཛམ་གླིང་ནང་གི་རྡུལ་མཚོན་སྟོབས་ཆེན་རྒྱལ་ཁབ་ཁག་གི་རྡུལ་མཚོན་གྲངས་ཚད་ཁྱོན་བསྡོམས། #All of the World Nukes.

དེ་བཞིན་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ནི་ཁི་ཧེ་ལི་(Nikki Haley)ཡིས་ཨ་རིའི་སྲིད་འཛིན་ཀྲམ་ཧྥིའི་བྱང་ཀོ་རི་ཡ་གཏོར་རྒོལ་གཏོང་རྒྱུའི་ཉེན་བརྡའི་ཐོག་ལྡབ་ཉིས་རྩེགས་ཀྱི་དྲག་པོའི་ཉེན་བརྡ་བཏང་དོན།“ནམ་ཞིག་བྱང་ཀོ་རི་ཡས་ཨ་རིའི་ཐོག་ཐུག་ཙམ་བྱས་ཚེ་བྱང་ཀོ་རི་ཡའི་སྲིད་གཞུང་ཤུལ་ཙམ་ཡང་མེར་པར་ཁྱོན་ཡོངས་ནས་རྩ་གཏོར་གཏོང་གི་ཡིན།”ཞེས་མཉམ་འབྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཚོགས་ཀྱི་ཐོག་ཏུ་ནན་བརྗོད་བྱས་ཡོད།

ཨུ་རུ་སུའི་ཕྱོགས་ནས་ཨ་རིའི་ཐད་ལ་ནན་བརྗོད་བྱས་དོན།“ངེད་ཨུ་རུ་སུ་དང་རྒྱ་ནག་ལྷན་དུ་ཨ་རི་དང་བྱང་ཀོ་རི་ཡར་དཀའ་རྙོག་དེའི་བར་འདུམ་གྱི་གྲོས་འགོ་ཐེངས་མང་བཏོན་པ་ཡིན། སྐབས་དེར་བྱང་ཀོ་རི་ཡས་སྐབས་དོན་ཆ་རྐྱེན་ལྟར་ཨ་རིས་ཁས་ལེན་བྱས་ན་གྲོས་མོལ་བྱ་འཆར་གྱི་ཁས་ལེན་བྱས་ཡོད། འོན་ཀྱང་། ཨ་རིའི་ངོས་ནས་གྲོས་འདུན་གྱི་ཆ་རྐྱེན་ལ་འདོད་མོས་རྩ་བ་ནས་བྱས་མེད། གྲོས་མོལ་གྱི་རྩ་དོན་ནི་ཕྱོགས་གཉིས་ཀས་དམག་འཁྲུག་གདོང་ཐུག་གི་ལས་འགུལ་ཡོངས་སུ་ཕྱིར་འཐེན་བྱ་རྒྱུ་དེ་ཉིད་ཆགས་ཀྱི་ཡོད། མཐར་ཉེ་བའི་བྱང་ཀོ་རི་ཡའི་རྒྱང་སྐྱོད་འཕུར་མདའ་གསར་ཤོས་དེ་ཉིད་ཀྱི་ཚོད་ལྟ་ལེགས་གྲུབ་ཟིན་རྗེས། ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་བྱང་ཀོ་རི་ཡའི་གཞུང་ལ་རྒྱལ་སྤྱིའི་དྲག་སྤྱོད་པའི་སྦྱིན་བདག་གི་མིང་བཏགས་ཏེ་རྒྱལ་སྤྱིའི་ཉེས་ཆད་ཤུགས་ཆེན་གཅོད་དགོས་སྐོར་བརྗོད་ཡོད།”ཅེས་གླེང་།

སྤྱི་ལོ་2016རྒྱ་ནག་གི་མཁའ་དམག་དུས་སྟོན་སྐབས་ཨུ་རུ་སུའི་གྲགས་ཆེ་བའི་མཁའ་དམག་གིས་མཁའ་ཐོག་དམག་རྩལ་ངོམ་བཞིན་པ།#Russian Knights Pilots Perform Aerobatic Flying at China Air Show 2016.

གནས་ཚུལ་དེ་དང་འབྲེལ་ནས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་རོབ་(Sergey Lavrov)ལགས་ཀྱིས་བདུན་སྔོན་མའི་གཟའ་མཇུག་ཏུ་ཨ་རིར་སྐྱོན་བརྗོད་ཤུགས་ཆེན་དང་འབྲེལ་ནན་བརྗོད་བྱས་དོན་ལྟར་ན།“གཏིང་གནག་ཅིང་རྫིག་གཏམ་ལ་དགའ་བའི་ཝ་ཤིང་ཊོན་གྱིས་ད་བར་དུ་བྱང་ཀོ་རི་ཡ་གཏོར་རྒྱུའི་ཁ་གཡར་སའི་གནས་ཚུལ་འཚོལ་བཞིན་ཡོད་པ་དངོས་ཡོད་རེད། ང་ལ་ཨ་རིའི་གཞུང་འབྲེལ་ལས་རོགས་ཤིག་གིས་བརྗོད་རྒྱུར། ཀོ་རི་ཡའི་མཚོ་ཁུལ་དུ་ལྐོག་གཡོའི་དམག་སྦྱོང་གི་རྩེད་འགྲན་དེ་ཉིད་ལོ་རྗེས་མའི་དཔྱིད་ཀ་བར་ཡོང་གི་མ་རེད་ཅེས་ཟུར་དུ་བརྗོད་བྱུང་། དེ་ནི་གནས་སྐབས་བྱང་ཀོ་རི་ཡའི་འུར་ཟིང་གི་ལས་གཞི་རྣམས་ལྷོད་ལ་འབབ་རྒྱུའི་ཆེད་དུ་རེད་ཟེར། དེ་མཚུངས་ཨ་རིས་འདས་པའི་སྤྱི་ཟླ་10དང་11གཉིས་ཀའི་ནང་དུ་ཕྱིར་བསྒྲགས་བྱས་དོན་ལ་གཞིགས་ན་ཀོ་རི་ཡའི་མཚོ་ཁུལ་དུ་ནུས་ཤུགས་དང་། དམག་གྲངས། དུས་ཚོད་སོགས་ཁ་གསལ་མེད་པའི་དམག་སྦྱོང་ཧ་ཅང་ཆེན་པོ་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་གླེང་བཞིན་འདུག”ཅེས་བརྗོད།

ཨུ་རུ་སུའི་ངོས་ནས་ཨ་རིར་ཁ་གསང་པོའི་ངང་དགག་རྒྱག་བྱེད་བཞིན་པ་ནི། བྱང་ཀོ་རི་ཡའི་ཐོག་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུར་ཤུགས་སྣོན་རྒྱག་བཞིན་པ་དེ་ཆགས་ཀྱི་འདུག་ཅིང་། ཨུ་རུ་སུས་གནས་ཚུལ་དེའི་ཐད་རྒྱུན་དུ་ནན་བཤད་བྱེད་བཞིན་པ་ནི།“བྱང་ཀོ་རི་ཡའི་ཐོག་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་ཅེས་ཐམས་ཅད་བཀག་སྡོམ་བྱེད་བཞིན་པ་ནི་ཨ་རིར་མཚོན་ན་ལས་ཀ་སླ་ཤོས་ཤིག་རེད། བྱེད་སྟངས་དེས་གནས་སྟངས་ཡོད་ཚད་ཇེ་སྡུག་ཏུ་གཏོང་བཞིན་པ་ལས་གཞན་ཁེ་ཕན་ཅི་ཡང་མེད། ད་དུང་། བྱང་ཀོ་རི་ཡའི་ཉེ་འཁོར་རྒྱལ་ཁབ་རྣམས་ལ་དཀའ་ཚེགས་ཧ་ཅང་མང་པོ་བཟོ་བཞིན་ཡོད་པ་རེད།”ཅེས་བརྗོད་བཞིན་འདུག

འཛམ་གླིང་ནང་གི་དམག་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་དྲུག་གི་ཞིབ་ཕྲའི་གོ་མཚོན་དང་དམག་གྲངས།#Military Might Around the World.

མཐར་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་རོབ་ལགས་ཀྱིས་བདུན་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡའི་ཐོག་ཨ་རིས་སྤེལ་བའི་ཉེན་བརྡ་གསར་ཤོས་དེའི་ཐད་དགོས་འདུན་དྲག་པོས་ནན་བརྗོད་བྱས་དོན།“ཨ་རི་བ་ཚོས་བྱང་ཀོ་རི་ཡ་རྩ་གཏོར་གཏོང་རྒྱུའི་ཁ་གཡར་ས་དེ་ལྟར་བཙན་གྱིས་འཚོལ་ཡོད་ཚེ། ཁྱེད་ཚོའི་ཀུན་སློང་ངོ་མ་དེ་ཉིད་ང་ཚོ་ཚང་མར་འགྲེལ་བཤད་རྒྱོབས་དང་། དཔེ་མཚོན་ནི་ཁྱེད་ཚོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་བཤད་པ་དེ་ཉིད་རེད། སྐད་ཆ་དེ་ཉིད་ལ་འགྲེལ་བཤད་ཧ་ཅང་གསལ་པོ་ཞིག་བརྒྱབས་ཏེ། ཁྱེད་ཚོའི་འགོ་ཁྲིད་ཀྱིས་གཏན་ཁེལ་བྱོས་དང་། དེ་རྗེས་ང་ཚོས་ཁྱོད་ཚོའི་སྐད་ཆར་རྣམ་འགྱུར་ཅི་འདྲ་ཞིག་སྟོན་དགོས་མིན་ཐད་ཐག་ཆོད་བྱ་གི་ཡིན།”ཞེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།