ཧྥ་རན་སིའི་ནང་དུ་རླངས་འཁོར་དྲག་རྒོལ། རྒྱའི་སློབ་ཕྲུག་གསུམ་རྨས།

0
1577
དོན་རྐྱེན་བྱུང་ཡུལ་གྱི་ས་གནས་དངོས་ཀྱི་པར་རིས།#A driver has ploughed into a group of pedestrians near the French city of Toulouse, France.

ཧྥ་རན་སི། ཏུ་ལུ་སི། སྤྱི་ལོ་2017ཟླ་11ཚེས་11ཉིན། ད་ལྟ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་བྷི་བྷི་སི་BBCགསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བཞིན་པ་ནི། ད་ལྟ་ཆུ་ཚོད་འགའི་སྔོན་ཧྥ་རན་སིའི་ལྷོ་ཁུལ་གྲོང་ཁྱེར་ཏུ་ལུ་སི་(Toulouse)ཞེས་པའི་ནང་དུ། གཞུང་ལམ་གྱི་ཟུར་ནས་འགྲོ་སྐྱོད་བྱེད་བཞིན་པའི་མི་ཚོགས་དབུས་སུ་རླངས་འཁོར་ཞིག་གིས་གདོང་ཐུག་དྲག་རྒོལ་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག ད་ལྟའི་ཆར་གསར་ལམ་ཁག་ནས་བརྗོད་གསལ་ལྟར་ན་རྨས་སྐྱོན་ཕོག་མི་གསུམ་པོ་རྒྱ་མི་རིགས་ཀྱི་སློབ་ཕྲུག་ཤ་སྟག་ཡིན་པའི་གནས་ཚུལ་བརྗོད།

དེ་དག་ནི་རང་ལོ་23ཡིན་པའི་བུ་མོ་ཞིག་དང་། རང་ལོ་22དང་23ཡིན་པའི་སྐྱེས་པ་གཉིས་བཅས་ཡིན་པ་རེད་འདུག ད་ལྟའི་ཆར་བུ་མོ་དེ་ཉིད་ཀྱི་ཚེ་སྲོག་ཉེན་ཁའི་གནས་ལས་ཐར་ཟིན་འདུག་མོད། དམིགས་བསལ་ཁོ་མོར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག དོན་རྐྱེན་དེ་ཉིད་བྱུང་ཡུལ་ནི་ས་གནས་དེ་གའི་མཐོ་སློབ་ཅིག་གི་སྒོ་ཁར་བྱུང་འདུག་ཅིང་། རྒྱའི་སློབ་ཕྲུག་དེ་དག་ས་གནས་དེ་གའི་རྒྱལ་སྤྱིའི་ཚོང་དོན་སློབ་གྲྭར་ཤེས་ཡོན་བརྗེ་རེས་སྐོར་སྐྱོད་ཀྱི་ལས་འཆར་འོག་ཧྥ་རན་སིར་འབྱོར་བ་ཞིག་རེད་འདུག

ད་ལྟའི་ཆར་ཧྥ་རན་སིའི་མི་འབོར་ཁྱོན་གྱི་བརྒྱ་ཆ་ཕྱེད་ཙམ་དྲག་སྤྱོད་ལས་འགུལ་གྱི་དམིགས་འབེན་དུ་འགྱུར་རྒྱུར་འཇིགས་སྐྲག་ངང་གནས་བཞིན་ཡོད་སྐོར་གླེང་།#MORE than half of all French people live with the constant fear of a looming attack, and strongly believe they could become the next victim of the terror attack.

ས་གནས་དེ་གའི་ཉེན་རྟོག་པས་བརྗོད་དོན་ལྟར་ན་དྲག་རྒོལ་བ་དེ་ཉིད་གཞུང་ཕྱོགས་ཉེན་རྟོག་པས་འཛིན་བཟུང་བྱས་ཟིན་ཡོད་པ་དང་། དྲག་རྒོལ་བ་དེ་ནི་རང་ལོ་28སོན་པའི་སྐྱེས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག ད་དུང་། སྐྱེས་པ་དེ་ཉིད་ནི་དེ་སྔོན་ནས་ཉལ་ཐའི་གནད་དོན་སོགས་ནག་ཉེས་ཆུང་གྲས་དུ་མ་ཞིག་ཕོག་ཟིན་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག  ཕྱོགས་མཚུངས་གསར་ལམ་གཞན་ཁག་ནས་གཏན་ཁེལ་དེ་ཙམ་མེད་པའི་གནས་ཚུལ་འགའ་ཐོན་བཞིན་པ་ནི། སྐྱེས་པ་དེ་ཉིད་ལ་སེམས་ཁམས་བདེ་པོ་མེད་པའི་ནད་ཡོད་ཚུལ་སོགས་ཀྱི་འགྲེལ་བརྗོད་བྱེད་བཞིན་མཆིས།

འབྲེལ་ཡོད་ས་གནས་གཞུང་འབྲེལ་མི་སྣས་དོན་རྐྱེན་བྱུང་ཡུལ་གྱི་ས་གནས་སུ་བསྐྱོད་དེ་འགྲེལ་བརྗོད་བྱས་དོན་ལ་གཞིགས་ན། ད་ལན་གྱི་གནས་ཚུལ་དེ་བཞིན་དྲག་སྤྱོད་པའི་ལས་འགུལ་ཞིག་ཆགས་ཀྱི་མེད་སྐོར་གྱི་བསམ་ཚུལ་གླེང་གིན་འདུག་མོད། གཞུང་འབྲེལ་གྱི་གནས་ཚུལ་ཐོན་ཁུངས་ནས་གསལ་བརྗོད་བྱས་དོན་ལྟར་ན། སྐྱེས་པ་དེ་ཉིད་ཀྱིས་དྲག་རྒོལ་དེའི་འཆར་གཞི་ཟླ་གཅིག་སྔོན་ནས་བཏིང་ཡོད་སྐོར་བརྗོད་བཞིན་འདུག

སེ་རི་ཡ་སོགས་ནས་ཧྥ་རན་སིའི་ནང་དུ་ཁ་ཆེའི་དྲག་སྤྱོད་པ་བརྒྱ་ཕྲག་འཛུལ་ཡོད་པར་འགྲེལ་བཞིན་འདུག དེས་ན་ད་སྐབས་ཧྥ་རན་སིའི་དྲག་སྤྱོད་གནད་དོན་གྱི་ཉེན་ཚབས་ཧ་ཅང་ཚད་མཐོར་སོན་ཡོད་པར་བརྗོད།#France fearing MAJOR terror attack as HUNDREDS of jihadis return to country from Syria. FRENCH authorities have warned that the terrorist attack potential is “very high”.

གྲོང་ཁྱེར་ཏུ་ལུ་སིའི་གྲོང་དཔོན་སྐུ་ཞབས་ཇཱེན་ལགས་(Jean-Luc Moudenc)ཀྱིས་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་བརྒྱུད། སྐབས་དོན་གནོད་འཚེ་ཕོག་མི་རྣམས་དང་། ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་ཡོད་ཅེས་བཀོད་འདུག དེ་བཞིན་གནོད་འཚེ་ཕོག་མི་རྣམས་ལ་དེ་གའི་གཞུང་ཕྱོགས་ནས་ལྟ་རྟོག་ཡོངས་སུ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།