སློབ་དཔོན་ཧོའུ་ཀིང་གི་མི་ཚེ། ལོ་རྒྱུས་མི་སྣ།

0
946
སློབ་དཔོན་ཧོའུ་ཀིང་ནི་འཛམ་གླིང་སྤྱི་ཁྱབ་ཏུ་དངོས་ཁམས་ཚན་རིག་གི་མཁན་པོ་དང་དཔེ་མཚོན་མི་སྣར་ངོས་འཛིན་བྱེད་བཞིན་ཡོད།#Hawking had become a global cultural icon, turning up in an episode of Star Trek and several episodes of The Simpsons.

བོད་ཀྱི་དེ་ཕོ་བོད་ཡིག་ལོ་རྒྱུས་ཤེས་བྱ།
རྩོམ་འབྲི་བ། རྟ་མགྲིན།

ཆུང་དུས་ཀྱི་མེ་ཚེ།

དབྱིན་ཡུལ་གྱི་དངོས་ཁམས་ལྟ་གྲུབ་ཚན་རིག་པ་གྲགས་ཅན་སློབ་དཔོན་ཧོའུ་ཀིང་(Stephen William Hawking)ནི་སྤྱི་ལོ་1942ཟླ་1ཚེས་8ཉིན་དབྱིན་ཡུལ་གྱི་ཤར་ལྷོའི་ཁུལ་དུ་ཆགས་པའི་ཨོག་སི་ཧྥོར་ཊི་(Oxford)གྲོང་ཁུལ་དུ་སྐྱེས། ཁོང་གི་ཕ་མ་གཉིས་ཀྱི་དཔལ་འབྱོར་གནས་བབ་ལེགས་པོ་མེད་པའི་ཐོག་སྐབས་དེར་དམག་ཆེན་གཉིས་པ་འགྲོ་བཞིན་ཡོད། འོན་ཀྱང་། ཁོང་གཉིས་ནི་སློབ་སྦྱོང་ལ་མཐོང་ཆེན་དང་གཙུག་ལག་སློབ་ཆེན་ལ་བསྐྱོད་རྒྱུར་འགངས་ཆེན་གནང་མཁན་ཞིག་རེད་འདུག ཁོང་གི་ཕས་ལྟ་གྲུབ་དང་། ཆབ་སྲིད་ཚན་རིག  དཔལ་འབྱོར་རིག་པ་བཅས་ལ་སློབ་སྦྱོང་གནང་བ་དང། ཁོང་གིས་མས་གསོ་རིག་ཞིབ་འཇུག་ལ་སྦྱངས་པ་བྱས་འདུག སློབ་དཔོན་ཧོའུ་ཀིང་ལ་གཅུང་མོ་གཉིས་དང་གསོས་ཕྲུག་ཡིན་པའི་བུ་སྤུན་གཅིག་བཅས་ཁྱོན་གཅེན་གཅུང་གསུམ་ཡོད་འདུག

ཧོའུ་ཀིང་སློབ་ཆུང་འགྲིམས་སྐབས་ཀྱི་འདྲ་པར། #His parents believed in being educated and managed to just scrape enough money to get through university.

ཧོའུ་ཀིང་སློབ་ཆུང་འགྲིམས་སྐབས་ནས་ཀྱང་དཔྱད་བྱེད་ཀྱི་བློ་རིག་བཀྲ་ཤིང་། རང་ཉིད་སློབ་སྦྱོང་ཡར་རྒྱས་འགྲོ་མ་ཐུབ་པ་དེ་ཉིད་སློབ་གྲྭའི་སློབ་ཁྲིད་ཐབས་ལམ་གྱི་ནོར་འཁྲུལ་རེད་ཅེས་སྐྱོན་བརྗོད་བྱས་མྱོང་བའི་ལོ་རྒྱུས་གསལ། འོན་ཀྱང་། ཡུན་རིང་ཧོའུ་ཀིང་གི་ཤེས་རབ་ལ་ངོས་འཛིན་རྣམ་དག་ཐོབ་རྒྱུའི་ཚབ་ཏུ་སློབ་འབྲིང་མ་ཐོན་བར་སྦྱངས་འབྲས་དེ་ཙམ་ལེགས་པོ་མ་བྱུང་བར་ལུས།  དེ་མཚུངས་ཁོང་གི་ཕ་མ་གཉིས་ཀྱིས་ཀྱང་ཁོང་ལ་རེ་བ་མེད་པས་སློབ་འབྲིང་མ་ཐོན་བར་ཁོང་གི་སློབ་སྦྱོང་ལ་དོ་སྣང་བྱས་མི་འདུག མཐར་མཐོ་འབྲིང་འགོ་འཛུགས་སྐབས་ཁོང་གི་ཕ་མ་གཉིས་ཀྱིས་ཁོང་ལ་རེ་བ་བྱ་འགོ་བཙུགས་ཏེ་གསོ་རིག་གཞུང་ལུགས་ལ་སློབ་སྦྱོང་བྱ་རུ་འཇུག་རྒྱུའི་འཆར་གཞི་བཏིང་། སྟབས་ལེགས་པ་ལྟ་བུར་སྐབས་དེར་ཁོང་གི་ནང་མིར་སློབ་ཡོན་དེ་ཙམ་སྤྲོད་རྒྱུའི་ཆ་རྐྱེན་མེད་པས་ཧོའུ་ཀིང་སློབ་ཡོན་ཡིག་ཚད་ལ་ཞུགས་རྒྱུའི་ཐག་བཅད། མཐར་སློབ་ཡོན་ཡིག་ཚད་གཏོང་ཉིན་ཏག་ཏག་ལ་ཧོའུ་ཀིང་ན་ནས་ཡིག་ཚད་ལ་ཞུགས་མ་ཐུབ་པར་གྱུར།

མི་ཚེའི་འཁྱོག་མཚམས།

ཧོའུ་ཀིང་ལ་ལམ་འགྲོ་དེ་ཙམ་མེད་པ་ལྟར་མཐར་མཐོ་འབྲིང་གྲགས་ཅན་ཞིག་ལ་ཐད་ཀར་འགྲོ་མ་ཐུབ་པར་ལུས་མོད། དེ་གའི་གྲོང་ཁུལ་གྱི་མཐོ་འབྲིང་ལ་བསྐྱོད་ཞོར་གྲོགས་པོ་འགའ་དང་ལྷན་དུ་ཤོག་སྦག་བཟོ་གྲྭར་མྱུལ་བ་དང་། གནམ་གྲུ་དང་གྲུ་གཟིངས་ཀྱི་དཔེ་མཚོན་བཟོ་བ། རིག་རྩལ་འགྲན་བསྡུར་བྱེད་པ་སོགས་ལ་དོ་སྣང་ཧ་ཅང་ཆེན་པོར་གྱུར་འདུག དུས་སྐབས་དེ་དག་གི་རིང་ཧོའུ་ཀིང་འཛིན་གྲྭའི་ནང་གི་མཇུག་ནས་བརྩིས་པའི་ཨང་གསུམ་པར་ཡང་བསླེབས་མྱོང་ཡོད། འོན་ཀྱང་། ཁོང་གི་རང་ཉིད་ཀྱི་ལྟ་བར་བརྩི་སྲུང་བྱེད་བཞིན་སློབ་གྲྭའི་ཕྱི་ནས་རང་འདོད་ཀྱི་ཤེས་བྱར་བརྩོན་ཐབས་བྱས། དེ་ཡང་ཁོང་གིས་གྲོགས་པོ་དང་རྒན་རབས་ཚོ་དང་ལྷན་དུ་ཡེ་ཤུའི་ཆོས་གཞུང་དུ་བཤད་པའི་ལྟ་གྲུབ་སློབ་སྦྱོང་དང་། དབང་ཤེས་ལྔ་པོ་ལས་བརྒལ་བའི་ཚོར་ཤེས་ཀྱི་སྐོར་ལ་ཞིབ་ཏུ་རྩད་ཞིབ་བྱ་འགོ་བརྩམས།

ནད་ཀྱིས་ཟིན་འགོ་ཚུགས་རྗེས། དུས་སྐབས་དེ་ནི་ཧོའུ་ཀིང་གི་མི་ཚེའི་གོམ་བགྲོད་རྒྱང་ཐག་རིང་ཤོས་དེ་ཉིད་བྱེད་འགོ་ཚུགས་དུས་ཆགས་ཡོད།#He was a great scientist and an extraordinary man whose work and legacy will live on for many years.” BBC

དེ་རྗེས་ཁོང་གི་གྲོགས་པོ་ཚོ་དང་ལྷན་དུ་ཁ་པར་གྱི་ཆགས་རོ་སོགས་སྤྱད་དེ་གློག་ཀླད་བཟོས་པ་དང་། རིམ་པས་ཨང་རྩིས་རིག་པར་དམིགས་བསལ་དོ་སྣང་ཤུགས་ཆེན་བསླེབས་འགོ་ཚུགས། ཁོང་གི་མི་ཚེའི་ནང་མི་སྣ་ཆེས་གལ་ཆེ་ཤོས་ཤིག་ནི་མཐོ་འབྲིང་ཨང་རྩིས་དགེ་རྒན་རྡིག་རན་ཏཱ་ཏྭ་(Dikran Tahta)ཆགས་ཀྱི་ཡོད། དགེ་རྒན་དེ་ཉིད་ཀྱི་ཤུགས་རྐྱེན་འོག་ཧོའུ་ཀིང་རང་ཉིད་ཀྱི་དགའ་ཕྱོགས་དང་བློ་རིག་ལ་དཔག་པའི་སྦྱང་བྱ་ཨང་རྩིས་དང་འབྲེལ་བའི་ཤེས་བྱ་ཡིན་པའི་ངེས་ཤེས་རྙེད། སྐབས་དེ་དུས་ཁོང་གི་སློབ་འབྲིང་སྦྱངས་འབྲས་ལེགས་པོ་མེད་ཀྱང་སློབ་ཕྲུག་ཚོས་ཁོང་ལ་ཨེན་སི་ཊིན་(Einstein)ཞེས་འབོད་བཞིན་ཡོད་འདུག དེ་ནི་ཁོང་གི་རང་གཤིས་ལ་རྒྱུན་འཇགས་སུ་ཡོད་པའི་ཡོན་ཏན་ཕྱིར་མངོན་འགོ་ཚུགས་པ་ཞིག་རེད།

དཀའ་ཚེགས་དང་གྲུབ་འབྲས།

མཐར་ཁོང་དངོས་སུ་གཙུག་ལག་སློབ་ཆེན་དུ་འགྲོ་འགོ་ཚུགས་ཤིང་ཁོང་གི་ཕའི་འདོད་འདུན་ལྟར་ཕའི་ལས་གནས་ཨོག་སི་ཧྥོ་ཊི་སློབ་ཆེན་དུ་ཡོད་པས་ཧོའུ་ཀིང་ཡང་དེ་ནས་གསོ་རིག་ཆེད་སྦྱོང་བྱ་རྒྱུའི་རེ་འདུན་བཏོན་སྟེ་སློབ་ཆེན་ལ་བཅུག འོན་ཀྱང་། ཧོའུ་ཀིང་གིས་རང་ཉིད་ཀྱི་འདོད་ཕྱོགས་མ་འབོར་བར་དངོས་ཁམས་ཚན་རིག་དང་རྫས་འགྱུར་རིག་པའི་སློབ་ཚན་བླངས། ཧོའུ་ཀིང་རང་ལོ་17ལ་སོན་སྐབས་ཏེ་སྤྱི་ལོ་1959ལོར་མཐོ་སློབ་ནས་ཁོང་ལ་དམིགས་བསལ་གྱི་སློབ་ཡོན་བྱ་དགའ་སྤྲད། དེ་ལྟར་ཁོང་གི་ཤེས་ཡོན་ཆུ་ཚད་རིམ་པས་གོང་འཕེལ་འགྲོ་གིན་སྟབས་མ་ལེགས་པར་སྤྱི་ལོ་1960ཙམ་ནས་ནད་ངན་སྡུག་པོ་ཞིག་གིས་ཁོང་གི་ལུས་པོར་འཇུས་ཏེ། མི་ཚེའི་ནང་གི་གྲུབ་འབྲས་དང་དཀའ་ཚེགས་ལྷན་དུ་སྦྱར་བའི་གྲགས་ཅན་གྱི་མི་ཚེ་གསར་པ་ཞིག་འགོ་བརྩམས།

ཧོའུ་ཀིང་གི་མི་ཚེའི་གཏན་གྲོགས་སམ་བཟའ་ཟླ་དང་པོ་ཇེ་ནི། ཁོ་མོས་ཧོའུ་ཀིང་ལ་བྱིས་པ་ལྟ་བུར་ལྟ་སྐྱོང་དང་གསོ་སྐྱོང་བྱས་ཏེ་ཁོང་གི་བསམ་བློའི་རོ་བཅུད་འཛམ་གླིང་ལ་ཁྱབ་པར་བྱས་ཡོད། ཁོང་གཉིས་ཀྱི་བརྩེ་དུང་ནི་དུས་རྟག་ཏུ་རང་ཤེད་དང་སྒེར་སེམས་བྲལ་བའི་བརྩེ་དུང་རྣམ་དག་གི་དཔེ་མཚོན་དུ་བཞག་པ་གྲངས་མེད་རེད། #When Hawking was a graduate student at Cambridge, his relationship with Jane Wilde, a friend of his sister whom he had met shortly before his diagnosis with motor neurone disease, continued to develop. The couple became engaged in October 1964.

དེ་རྗེས་རིམ་པས་ཧོའུ་ཀིང་རང་ཉིད་ཀྱི་རྐང་པའི་ཐོག་ཏུ་ལངས་རྒྱུ་མེད་པར་གྱུར་ཞིང་རིམ་པས་སྐད་ཆ་ཡང་ཤོད་རྒྱུ་མེད་པར་གྱུར་འདུག མཐར་སྤྱི་ལོ་1963ལོ་སྟེ་ཁོང་རང་ལོ་21སོན་དུས་དེར་སྨན་པས་ཁོང་གི་ནད་དེའི་ཐད་བརྟག་ཞིབ་ཀྱི་གྲུབ་དོན་རྙེད་དེ་བརྗོད་གསལ་ཁོང་གི་ནད་དེ་ནི་གཟུགས་པོའི་འགུལ་སྐྱོད་ནུས་པ་ཁྱོན་ཡོངས་ནས་ཉམས་པར་གཏོང་བྱེད་ཀྱི་ཀླད་རྩ་དཀར་པོའི་ནད་ཅིག་(Amyotrophic Lateral Sclerosis)ཡིན་སྐོར་བརྗོད་དེ་མང་ན་ལོ་གཉིས་ལས་གསོན་པོར་སྡོད་རྒྱུ་མིན་པའི་གཏན་ཁེལ་བྱས། ཐ་ན་སྐབས་དེར་ཁོང་གི་བཟའ་ཟླ་ཇེ་ནིར་(Jane Wilde)སྨན་པས་སྨན་ཁང་གི་ལུགས་མཐུན་འགྲོ་ལུགས་ལྟར་ཧོའུ་ཀིང་ལ་ཁབ་བརྒྱབས་ཏེ་བསད་ན་ནད་པ་རང་ཉིད་ལ་ཕན་ཐོགས་ཡོང་ངེས་པའི་གྲོས་འགོ་ཡང་བཏོན་འདུག  ཁོང་གི་མི་ཚེའི་ནང་མི་སྣ་གལ་ཆེ་ཤོས་ཤིག་ནི་ཁོང་གི་བཟའ་ཟླ་དང་པོ་ཇེ་ནི་ཡིན་ཞིང་། ཁོ་མོས་སྐབས་དེར་སྨན་པར་ཇི་སྲིད་ཧོའུ་ཀིང་གི་ཤེས་རབ་གསོན་པོ་ཡིན་ཕྱིན་གཟུགས་པོར་ཁྱད་པར་མེད་ཅེས་བརྗོད་ཡོད།

མཐར་ཁོང་ནད་ངན་དེ་ཉིད་ལས་གྲོལ་མ་ཐུབ་པར་ལུས་སྨད་དང་ངག་གི་སྒོ་མོ་ཡོངས་སུ་འགག་སྟེ་བྱ་ཐབས་མེད་པ་ལྟ་བུར་གྱུར་ཡང་། རིམ་པས་ཁོང་གི་ཤེས་རབ་ལ་མཁས་དབང་དུ་མའི་ཆེ་མཐོང་བསླེབས་ཞོར་དེང་དུས་གློག་ཀླད་ཚན་རིག་སྤྱད་དེ་ཁོང་ལ་ཡིག་གེ་བྲིས་ཏེ་སྐད་ལ་བསྒྱུར་རྒྱུའི་བརྒྱུད་ལམ་གསར་པ་ཞིག་ཐོབ། དེ་ལྟར་ཁོང་གི་བརྒྱུད་ལམ་དེ་ཉིད་ཀྱི་ཐོག་ནས་འཇིག་རྟེན་ཆགས་རིམ་དང་། དུས་ཚོད་ལ་ཐོག་མཐའ་ཡོད་མེད་ཀྱི་དཔྱད་ཞིབ། བུ་ག་ནག་པོ་དང་འབྲེལ་བའི་གནད་དོན། དངོས་ཁམས་གནས་ལུགས་སོགས་ཀྱི་ཐོག་རླབས་ཆེ་བའི་ཞིབ་འཇུག་རྩོམ་ཡིག་དང་གཏམ་བཤད་གྲངས་མེད་སྤེལ་ཞིང་། སྤྱི་ལོ་1988ལོར་<<དུས་ཚོད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག>>ཅེས་པའི་དཔེ་དེབ་དེ་ཉིད་བྲིས་ཏེ་སྙན་གྲགས་ཀྱི་གཟི་བརྗིད་འཛམ་གླིང་ལ་ཁྱབ་པར་གྱུར། དེ་ལྟར་རྒྱལ་སྤྱིའི་སྡིངས་ཆ་འདྲ་མིན་གྱིས་ཁོང་ལ་ཕུལ་བའི་ཆེ་བསྟོད་དང་གཟེངས་རྟགས་ཧ་ཅང་མང་། དམིགས་བསལ་ཁོང་ལ་དབྱིན་ཇིའི་རྒྱལ་མོའི་གཟིགས་སྐྱོང་ཐོབ་ཅིང་། ཕྱིས་སུ་དབྱིན་ཡུལ་གྱི་སྤོབས་པ་ཞེས་པའི་གཟེངས་རྟགས་ལ་སོགས་པ་ཕུལ་ཡོད། མཐར་དེ་རིང་སྤྱི་ལོ་2018ཟླ་3ཚེས་14ཉིན་དབྱིན་ཡུལ་གྱི་རང་ཁྱིམ་ནས་རང་ལོ་76ཐོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

ཁོང་གི་མི་ཚེ་ནི་དེ་ལྟར་གཟི་བརྗིད་ལྡན་པའི་ངང་བཞུད་ཅིང་འཛམ་གླིང་མི་དམངས་ཀྱིས་ཤེས་རབ་ཀྱི་ནོར་བུ་ཞིག་འབོར་བའི་སྐྱོ་གདུང་གི་སྙན་ངག་ཕྱོགས་ཀུན་ནས་གྱེར་བཞིན་མཆིས།#Legendary scientist Stephen Hawking has died at the age of 76, a spokesman for the family said early Wednesday.

ཁོང་གིས་བརྩམས་པའི་གྲགས་ཆེ་གྲས་ཀྱི་དཔེ་དེབ་འགའ།

  1. A Brief History of Time  – དུས་ཚོད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག /1988
  2. Black Holes and Baby Universes – བུ་ག་ནག་པོ་དང་འཇིག་རྟེན་གྱི་བུ་ཕྲུག/1993
  3. The Universe in a Nutshell – ཉ་ཕྱིས་ནང་གི་འཇིག་རྟེན། /2001
  4. On The Shoulders of Giants  གྱད་མིའི་དཔུང་པའི་ཐོག་ཏུ། /2002

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།