སྲོག་སྐྱོབ་དྲིན་ཅན་ལ་སྲིད་འཛིན་གྱིས་ཆེས་མཐོའི་མི་སེར་གཟེངས་རྟགས། ཧྥ་རན་སི།

0
3517
ཧྥ་རན་སིའི་སྲིད་འཛིན་ཕོ་བྲང་དུ་སྲོག་སྐྱོབ་དཔའ་བོ་གྷ་ས་མ་དང་སྲིད་འཛིན་མག་རོན་ཐུག་འཕྲད་ཀྱི་པར་རིས།#Paris 'Spider-man': Heart-stopping moment Malian immigrant Mamoudou Gassama scales building in 30 seconds to rescue dangling child. Photo Credit: BBC

ཧྥ་རན་སི། པེ་རེ་སི། སྤྱི་ལོ་2018ཟླ་5ཚེས་28ཉིན། ད་ལྟ་རྒྱ་གར་གྱི་བང་ཆེན་(Indian Express)གསར་ཁང་གཙོས་རྒྱལ་སྤྱིའི་གསར་ཁང་ཕལ་མོ་ཆེས་ཚ་ཚ་འུར་འུར་ངང་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། ཁས་ཉིན་རེས་གཟའ་སྤེན་པའི་ཕྱི་དྲོ་ཧྥ་རན་སིའི་(France/法国)རྒྱལ་ས་པེ་རི་སིའི་བྱང་ཁུལ་ཐོག་རྩེག་ཁང་ཆེན་ཞིག་གི་ལྔ་ཐོག་ནས་བུ་ལོ་བཞི་ཅན་ཞིག་ཁང་པའི་བར་འཁྱམས་ལྷུང་གྲབས་བྱེད་བཞིན་པའི་སྐབས། ལམ་ཟུར་ནས་འགྲོ་བཞིན་པའི་ཨ་ཧྥི་རི་ཁའི་ནུབ་ཁུལ་རྒྱལ་ཁབ་མྰ་ལི་(Mali/马里)ནས་ཡིན་པའི་སྐྱབས་བཅོལ་གནས་སྤོ་བ་ཕོ་གཞོན་གྷ་ས་མ་(Gassama)ཟེར་བ་ཞིག་གིས། རང་ཉིད་ལ་གནས་ཚུལ་ཇི་ཡོང་བསམ་བློ་ཅི་ཡང་མ་བཏང་བར་རང་སྲོག་བློས་གཏོང་གིས་ཐད་ཀར་ཁང་པའི་རྩེག་ལྡེབས་ནས་ཐོག་ཁར་འཛེགས་ཏེ་བུ་ཆུང་ཆུང་དེ་ཉིད་བསྐྱབས་ཡོད་པའི་གནས་ཚུལ་ཐོན་ཡོད། གནས་ཚུལ་དེ་ཉིད་ཆུ་ཚོད་ཉེར་བཞིའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་དྲ་གནས་ཁྱོན་ཡོངས་ལ་ཁྱབ་གདལ་ཧ་ཅང་ཤུགས་ཆེན་སོང་བ་དང་སྦྲགས་ཁོ་པར་དོན་དངོས་ཀྱི་དཔའ་བོའི་(Super Man)མཚན་བྱང་ཡང་ཐོགས་འདུག

སྤྱིར་བུ་ཆུང་ཆུང་དེ་ཉིད་རང་ཁྱིམ་གྱི་བར་འཁྱམས་ནས་ལྷུང་རྗེས་སྟབས་ལེགས་པར་འཁྱམས་རའི་ལྕགས་ཟེར་ལྟ་བུ་ཞིག་ལ་ལྟོད་གོས་ཁོན་སྟེ་ལུས་ཡོད་འདུག དེ་ལྟར་ཁོ་པའི་ཕ་མས་ཛ་དྲག་གི་གནས་ཚུལ་དེའི་ཐད་མེ་གསོད་རུ་མིར་ཁ་པར་བརྒྱུད་འབྲེལ་བ་བྱས་འདུག་ལ། མེ་གསོད་རུ་མིས་ཀྱང་གང་མགྱོགས་གནས་ཚུལ་ལྷག་ཡུལ་གྱི་ས་གནས་སུ་འབྱོར་ཐབས་བྱས་ཡོད་པ་རེད་འདུག འོན་ཀྱང་། ཛ་དྲག་ཆེ་བའི་གནས་ཚུལ་དེའི་འོག་གལ་སྲིད་མེ་གསོད་རུ་མི་ཁོ་ནར་བསྒུགས་ཡོད་ཚེ་བུ་ཆུང་ཆུང་དེ་ཉིད་ཁང་རྩེག་ལྔ་ཐོག་ནས་ལྷུང་ངེས་ཅན་གྱི་གནས་ཚུལ་དུ་འགྱུར་ངེས་པར་བརྗོད་ཅིང་། སྟེང་དུ་ཡོད་པའི་ཁོ་མོའི་ཕ་མ་གཉིས་ཀ་དང་གཤམ་འོག་ཏུ་ཡོད་པའི་མི་ཚོགས་ཀྱིས་འཇིགས་སུ་རུང་བའི་སྐད་ངན་འདོན་མཁན་ལས་བློ་སྟོབས་ཆེ་བའི་སྲོག་སྐྱོབ་པ་རྐང་གཅིག་ཀྱང་ཐོན་དཀའ་བའི་གནས་སུ་ལུས་འདུག  སྐབས་དེར་རང་ལོ་22སོན་པའི་མི་རིགས་ནག་པོའི་སྐྱབས་བཅོལ་གནས་སྤོ་བ་ཕོ་གཞོན་དེའི་བྱེད་ལས་ཀྱིས་ད་ལྟ་འཛམ་གླིང་ཡོངས་རྫོགས་ཧད་དེ་ལུས་པར་བྱས་འདུག

གྷ་ས་མའི་བློ་སྟོབས་ཆེ་བའི་བྱ་སྤྱོད་དེ་ཉིད་ལ་དང་ཐོག་པེ་རེ་སི་གྲོང་ཁྱེར་སྤྱི་ཁྱབ་དཔོན་ཨེ་ནི་(Anne Hidalgo)ལགས་ཀྱིས་བསྔགས་བརྗོད་བྱས་དོན།“བློས་གཏོང་དེ་ལྟ་བུ་ནི་དཔའ་བོའི་བྱེད་ལས་ཉག་ཅིག་རེད། ང་རང་གིས་ཐད་ཀར་ཁོ་པར་ཁ་པར་བཏང་སྟེ་བཀའ་དྲིན་ཆེ་ཞུས་པ་ཡིན། ཁོ་པས་ང་ལ་བརྗོད་དོན་ཁོ་པ་ཟླ་ཤས་སྔོན་མྰ་ལི་ནས་པེ་རི་སིར་འབྱོར་བ་ཡིན། རེ་བར་ཡུལ་འདིར་མ་འོངས་མི་ཚེ་ཡག་པོ་ཡོང་བ་བྱ་འདོད་བྱུང་ཞེས་བརྗོད་བྱུང་། དོན་དངོས་ཐོག་ཁོ་པའི་བྱེད་ལས་དེ་ནི་འགན་འཁུར་ཡོངས་སུ་འཁུར་ནུས་ལྡན་པའི་ཧྥ་རན་སིའི་མི་སེར་བཟང་པོ་ཞིག་གི་བྱེད་ལས་རེད་ལ། པེ་རེ་སི་གྲོང་ཁྱེར་གྱིས་ཁྱེད་ལ་རོགས་རམ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག དེ་རྗེས་རིམ་པས་ཁོ་པའི་གནས་ཚུལ་དེ་ཉིད་ཆུ་ཚོད་ཉེར་བཞིའི་ནང་གོ་ལར་ཁྱབ་པར་གྱུར་ཏེ། མཐར་དེ་རིང་ཧྥ་རན་སིའི་སྲིད་འཛིན་མག་རོན་(Emmanuel Macron)ངོ་མས་ཁོ་རང་སྲིད་འཛིན་ཕོ་བྲང་དུ་མགྲོན་འབོད་བྱས་འདུག་པ་དང་། སྲིད་འཛིན་མག་རོན་གྱིས་ཁོ་པའི་བྱེད་ལས་དེ་ཉིད་རླབས་ཆེན་གྱི་བྱེད་ལས་སུ་བསྔགས་འདུག་ཅིང་། ཐད་ཀར་ཧྥ་རན་སིའི་གཞུང་གིས་ཆེས་མཐོའི་མི་སེར་གྱི་གོ་ཐོབ་དང་གལ་སྲིད་ཁོ་པར་འདོད་པ་ཡོད་ཚེ་ཧྥ་རན་སི་གཞུང་མེ་གསོད་རུ་མིའི་ལས་མི་དངོས་ཀྱི་ནང་དུ་ཞུགས་རྒྱུར་དགའ་བསུ་ཡོད་སྐོར་བརྗོད་པའི་གནས་ཚུལ་བརྗོད།

གནས་ཚུལ་བྱུང་ཡུལ་དངོས་ཀྱི་འདྲ་པར། #The 22-year-old hero has been honoured for his bravery by French President Emmanuel Macron.

གསར་འགོད་པས་གྷ་ས་མར་བློ་སྟོབས་ཆེ་བའི་ལས་ཀ་དེ་འདྲ་ཇི་ལྟར་བྱེད་ནུས་པ་བྱུང་ངམ་ཞེས་དྲིས་པར་ཁོ་པས་བརྗོད་དོན།“ཐོག་རྩེག་ལྔ་ཐོག་ནས་ཕྲུ་གུ་ཆུང་ཆུང་དེ་ཉིད་ལྷུང་གྲབས་བྱེད་བཞིན་པ་མཐོང་བྱུང་། ངས་བསམ་བློ་གཉིས་པ་ཅི་ཡང་མ་བཏང་བར་གཞུང་ལམ་འཕྲེད་ལ་བཅད་དེ་ཁང་པ་དེ་ཉིད་ཀྱི་རྩེག་ལྡེབས་ནས་འཛེགས་འགོ་བཙུགས་པ་ཡིན། ཐོག་རྩེག་གཅིག་འཛེགས་ཐུབ་རྗེས་ང་ལ་བློ་སྟོབས་ཧ་ཅང་ཆེན་པོ་བྱུང་། དེ་ལྟར་ངས་ཅི་དྲན་འདི་དྲན་མེད་པར་ཐོག་རྩེག་ལྔ་འཛེགས་ཏེ་བུ་ཆུང་དེ་བསྐྱབས་ཐུབ་བྱུང་། དེ་ནི་ང་ལ་དཀོན་མཆོག་གིས་རོགས་པ་བྱས་པ་ཞིག་རེད། མཐར་ངས་བུ་ཆུང་དེ་ཉིད་བསྐྱབས་ཐུབ་པ་རེད། ངས་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།”ཞེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།