སྲིད་འཛིན་ཀྲམ་ཧྥི་འཁྱུག་ཙམ་རིང་ཀྲུའུ་ཀྲར་ནས་ཕྱིར་འབུད། བདེ་འཇགས་གནད་དོན།

0
1530
ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་ལ་དགའ་མོས་ཧ་ཅང་ཆེན་པོ་ཡོད་ཅིང་། ཕོ་བྲང་དཀར་པོའི་འབྲེལ་ཡོད་གནས་ཚུལ་ཡོད་ཚད་ཀྲུའུ་ཀྲར་བརྒྱུད་ནས་སྤེལ་བཞིན་ཡོད།#President Trump boasted Friday of his social media influence after his personal Twitter account was briefly deactivated by a departing company employee, raising serious questions about the security of tweets the president wields to set major policy agendas, connect with his voter base and lash out at his adversaries.

ཨ་རི། ཝ་ཤིང་ཊོན། སྤྱི་ལོ་2017ཟླ་11ཚེས་3ཉིན། ད་ལྟ་ཝ་ཤིང་ཊོན་ཆ་འཕྲིན་(Washington Post)གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བཞིན་པ་ནི། ད་ལྟ་ཆུ་ཚོད་གསུམ་གྱི་སྔོན་དུ་ཨ་རིའི་སྲིད་འཛིན་ཀྲམ་ཧྥིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་(Twitter)བརྒྱུད་བརྗོད་གསལ་ལྟར། སྲིད་འཛིན་ཀྲམ་ཧྥི་ཡི་ཀྲུའུ་ཀྲར་ཁ་བྱང་དུས་ཡུན་སྐར་མ་11ཏག་ཏག་རིང་སྒོ་བརྒྱབས་པའི་གནས་ཚུལ་ཐོན་འདུག སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་ནི་སྲིད་འཛིན་ཀྲམ་ཧྥི་སྒེར་གྱི་གསར་འགོད་བརྒྱུད་ལམ་ལེགས་ཤོས་དང་མྱུར་ཚད་མཐོ་ཤོས་སུ་འབོད་པ་དང་། སྲིད་འཛིན་ཀྲམ་ཧྥི་རང་ངོས་ནས་ཆེས་དགའ་མོས་ཆེ་ཤོས་བྱེད་ཡུལ་གྱི་གནས་ཚུལ་དང་བསམ་ཚུལ་སྤེལ་ས་གཅིག་པུ་དེ་ཆགས་ཀྱི་ཡོད། ད་ལྟའི་ཆར་སྤྱི་ཚོགས་དྲ་གནས་དེ་ཉིད་ཀྱི་བདེ་འཇགས་གནད་དོན་ཐད་དྲི་གཞི་ཆེན་པོ་དུ་མ་ཞིག་བསླང་མུས་ཡིན་པའི་གནས་ཚུལ་ཐོན་བཞིན་མཆིས།

གནས་ཚུལ་དེ་ཉིད་ཐོན་མ་ཐག་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་གྱི་ངོས་ནས་སྐབས་དོན་གནས་ཚུལ་དེ་བཞིན་གློ་བུར་བའི་ནོར་འཁྲུལ་ཞིག་ཡིན་སྐོར་བརྗོད་དེ་སྲིད་འཛིན་ཀྲམ་ཧྥིར་དགོངས་སེལ་ཞུས་འདུག་ཅིང་། ཕྱིས་འབྱུང་གནས་ཚུལ་དེ་རིགས་མི་ཡོང་བའི་ཁས་ལེན་བྱས་འདུག ད་དུང་ཁོང་ཚོས་གནས་ཚུལ་དེ་ཉིད་ཀྱི་འབྱུང་རྩ་རྩད་གཅོད་བྱ་ངེས་ཡིན་པའི་གསལ་བསྒྲགས་ཀྱང་སྤེལ་འདུག དེ་ལྟར་ཆུ་ཚོད་གཉིས་ཙམ་གྱི་རྗེས་སུ་ཀྲུའུ་ཀྲར་གྱིས་གསལ་བསྒྲགས་སྤེལ་ཏེ་བརྗོད་དོན་ལྟར་ན། ད་ལན་གྱི་གནས་ཚུལ་ཚབས་ཆེན་འདི་བཞིན་གློ་བུར་བའི་ནོར་འཁྲུལ་ཞིག་མིན་པར། དེ་ནི་ཀྲུའུ་ཀྲར་གྱི་ལས་བྱེད་པ་ཞིག་གིས་རྐང་བཙུགས་ཏེ་སྲིད་འཛིན་ཀྲམ་ཧྥི་ཡི་ཀྲུའུ་ཀྲར་ཁ་བྱང་ཕྱིར་འབུད་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡི་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་གྱི་མདུན་ངོས།#President Trump’s Twitter page.

སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་གྱི་མགྲིན་ཚབ་པས་གསར་འགོད་པར་བརྗོད་དོན།ང་ཚོར་གནས་ཚུལ་གསར་པ་ཅི་ཡང་ཤོད་རྒྱུ་མེད། ད་ལྟའི་ཆར་སྲིད་འཛིན་ཀྲམ་ཧྥི་ཡི་ཁ་བྱང་ང་ཚོའི་ལས་བྱེད་སུ་ཞིག་གིས་ཕྱིར་འབུད་བྱས་མིན་གསལ་ཁ་ཅི་ཡང་ཐོན་མེད། ད་དུང་། སྲིད་འཛིན་ཀྲམ་ཧྥི་ཡི་ཁ་བྱང་ཐོག་ཇི་ལྟར་འཛུལ་ཡོད་མེད་ཀྱང་ཤེས་ཐུབ་མ་སོང་། སྐབས་དོན་བདེ་འཇགས་གནད་དོན་དེ་བཞིན་འཐུས་ཤོར་གང་ནས་ཕྱིན་ཡོད་མིན་ཤེས་ཚོད་དཀའ་བའི་གནས་སུ་གྱུར་འདུགཅེས་བརྗོད། འོན་ཀྱང་། སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་གྱི་ལས་བྱེད་ཟུར་པ་ཞིག་གིས་གསར་འགོད་པར་བརྗོད་དོན་ལྟར་ན།དོན་དངོས་ཐོག་ཀྲུའུ་ཀྲར་གྱི་ལས་མི་ཧ་ཅང་མང་པོས་ཀྲུའུ་ཀྲར་སྤྱོད་མཁན་གྱི་ཁ་བྱང་ཕྱིར་འབུད་བྱ་ཐུབ་ཀྱི་ཡོད་པ་རེད།ཅེས་བརྗོད་འདུག

གནས་ཚུལ་དེའི་ཐད་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནི་ཡའི་གྲོས་ཚོགས་འཐུས་མི་དང་། ཨ་རིའི་དབུས་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཊེ་ཌི་-ལེའུ་(Ted Lieu)ལགས་ཀྱིས་དགའ་བསུ་དང་སྦྲགས་ཀྲུའུ་ཀྲར་བརྒྱུད་བརྗོད་དོན།”བརྩེ་བའི་ཀྲམ་ཧྥིའི་ཁ་བྱང་ཕྱིར་འབུད་གཏོང་མཁན་གྱི་ཀྲུའུ་ཀྲར་གྱི་ལས་བྱེད་པ་ལགས། ཁྱེད་ཀྱིས་སྐར་མ་11རིང་ཨ་རིར་བདེ་བ་སྤྲད་སོང་། ཁྱེད་ཀྱིས་ང་ལ་ཟུར་དུ་འབྲེལ་བ་བྱོས་དང་། ངས་ཁྱེད་ལ་པི་ཛ་(Pizza/比萨饼)སྦྱིན་བདག་བྱས་ཆོག”ཅེས་བརྗོད་པའི་གནས་ཚུལ་ཐོན་འདུག

སྲིད་འཛིན་ཀྲམ་ཧྥི་ཀྲུའུ་ཀྲར་ནས་ཕྱིར་འབུད་བྱས་རྗེས་ཀྲུའུ་ཀྲར་ཐོག་ཏུ་ཁོང་གི་ཀྲུའུ་ཀྲར་ཁ་བྱང་བྲིས་ཏེ་འཚོལ་བཤེར་བྱས་པའི་པར་རིས། འཚོལ་བཤེར་དེའི་ལན་དུ་མི་དེ་འདྲ་ཞིག་མི་འདུག་ཅེས་བཀོད་ཡོད།#“The account was down for 11 minutes, and has since been restored,” the statement read. “We are continuing to investigate and are taking steps to prevent this from happening again.”

རྒྱུན་དུ་སྤྱི་ཚོགས་དང་གསར་ལམ་ཁག་ན་ཟུར་ཟའི་ཚུལ་དུ་སྲིད་འཛིན་ཀྲམ་ཧྥི་ཡི་ཁ་པར་ནང་ཀྲུའུ་ཀྲར་གྱི་མཉེན་ཆས་མ་གཏོགས་གཞན་མཉེན་ཆས་རྐང་གཅིག་ཀྱང་མེད་པ་རེད་ཅེས་བརྗོད་མཁན་ཡོད། མདོར་ན་ད་ལྟའི་ཆར་སྐུ་ཞབས་ཌོ་ནཱལ་ཀྲམ་ཧྥི་(Donald J Trump)ཨ་རིའི་སྲིད་འཛིན་གྱུར་བ་ནས་བཟུང་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་ནི་ཨ་རིའི་སྲིད་འཛིན་གྱི་གཏམ་བཤད་དང་། གསལ་བསྒྲགས། བསམ་ཚུལ། ཉེན་བརྡ། རེ་སྐུལ། འཚམས་འདྲི་སོགས་ཡོད་ཚད་སྤུངས་པའི་སྡིངས་ཆ་དགའ་མོས་ཆེ་ཤོས་དེ་ཉིད་དུ་གྱུར་ཡོད་འདུག སྤྱིར་ཁོང་གིས་སྤྱི་ལོ་2009ཟླ་3ནས་ཀྲུའུ་ཀྲར་བེད་སྤྱོད་བྱེད་འགོ་བཙུགས་འདུག་པ་དང་། ད་བར་ཀྲུའུ་ཀྲར་ཐོག་ཡིག་དུམ་ཁྱོན་36,000ལྷག་སྤེལ་ཟིན་འདུག དེ་བཞིན་ཁོང་ལ་ཀྲུའུ་ཀྲར་ཐོག་རྗེས་འཇུག་པ་ཁྱོན་ས་ཡ་41.8ཡོད་པ་རེད་འདུག

དེ་མཚུངས་གལ་པོ་ཆེ་ལ་ནན་ཏན་ཞེས་པ་ལྟར་ཨ་རིའི་གཞུང་ཡིག་ཚགས་ཉར་ཚགས་ལྷན་ཁང་(National Archive)ནས། ཕོ་བྲང་དཀར་པོར་སྲིད་འཛིན་ཀྲམ་ཧྥི་ཡིས་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་ཐོག་སྤེལ་བའི་ཡིག་དུམ་ཡོད་ཚད་ཉར་ཚགས་བྱེད་དགོས་སྐོར་གྱི་ལམ་སྟོན་ཡང་བྱས་ཡོད། ད་དུང་། སྲིད་འཛིན་ཀྲམ་ཧྥི་ཡིས་ཀྲུའུ་ཀྲར་ཐོག་སྤེལ་བའི་ཡིག་དུམ་བསུབས་ཟིན་པ་དག་ཀྱང་ཉར་ཚགས་བྱེད་དགོས་ཀྱི་རེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་ཡོད། དེ་ནི་མཐོང་ཚུལ་དུ་དེ་ཙམ་གལ་ཆེན་དུ་མི་སྣང་ཡང་ཨ་རིའི་སྲིད་འཛིན་གྱི་མཛད་འཕྲིན་གྱི་ཁོངས་སུ་འདུ་གི་ཡོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།