སྨན་རྩིས་སློབ་མ་གསར་བསྡུའི་གསལ་བསྒྲགས། དཔལ་སྤུངས་ཤེས་རབ་གླིང་།

0
318

༄༅། །བསླབ་གསུམ་ནོར་གྱི་ཕྱུག་ཅིང་མཁྱེན་པའི་སྤྱན་རས་ཡངས་པ་རིས་མེད་དགོན་སྡེ་ཁག་གི་འགན་འཛིན་རྣམ་པ་གཙོས་འབྲེལ་ཡོད་ལྷན་དྲུང་དུ།

ཆེད་ཞུ།

འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་རྣམ་པར་རྒྱལ་བའི་གླིང་གི་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་ནི། ༧ཀུན་མཁྱེན་མ་ཧཱ་པཎྜི་ཏ་ཀྭན་ཏིང་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་གིས་མདོ་ཁམས་གདན་ས་ཆེན་མོ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་ལྔ་རིག་སློབ་གླིང་ཆེན་མོ་གསར་འཛུགས་མཛད་པ་ནས་བཟུང་ཏཱའི་སི་ཏུ་སྐུ་ཕྲེང་རིམ་བྱོན་གྱིས་དེའི་མཛད་ཕྲིན་རྒྱུན་འཁྱོངས་དང་མཐར་རྒྱས་སུ་བཏང་བའི་རྒྱུད་རིམ་ལས། ༧བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་གིས་ཐུགས་བསྐྱེད་འོག་ཡེ་ལོ་༢༠༡༡ ལོར་འཕགས་ཡུལ་བྱེས་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་གསར་བཙུགས་གནང་བའི་སྒྲ་སྙན་གསོ་རྩིས་རིག་པའི་སློབ་གཉེར་ཁང་ཞིག་ཡིན།

ཡེ་ལོ་༢༠༡༡ ནས་༢༠༡༧ བར་གྱི་སྒྲ་སྙན་གསོ་རྩིས་ཆེད་སྦྱོང་སློབ་གཉེར་བ་གྲངས་༥༠ སྐབས་དང་པོའི་སློབ་མཇུག་ཟིན་ནས་རིང་མིན་སློབ་མཐར་ཕྱིན་རྒྱུ་དང་། ༧བྱམས་མགོན་རྡོ་རྗེ་འཆང་མཆོག་གི་བཀའ་དགོངས་ལྟར་བོད་བརྒྱུད་ནང་བསྟན་རིས་མེད་ཆོས་སྡེ་ཁག་ལ་གོ་སྐབས་འབུལ་གལ་ཆེ་བ་བཀའ་ཕེབས་ལྟར་ད་ལན་སྐབས་གཉིས་པའི་སློབ་ཐེང་ལ་རིས་མེད་ཀྱི་ཆོས་སྡེ་ཁག་ཀྱི་དགེ་འདུན་པ་ཞལ་གྲངས་(༢༥)ལ་གོ་སྐབས་འབུལ་གཏན་ཁེལ་བ་ལགས་ན་ཐུགས་འདོད་ཡོད་རིགས་ཁག་ནས་གཤམ་འཁོད་ཁ་བྱང་ཐོག་ལ་འབྲེལ་ལམ་ཞུ་རྒྱུ་དང་འབྲེལ་དོ་བདག་དགེ་འདུན་པ་རྣམ་པའི་འབྲེལ་ཡོད་དགོན་པ་ནས་ངོས་སྦྱོར་ཡི་གེ་དང་བཅས་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན། གསོ་རྩིས་རིག་པའི་གཞུང་ལུགས་ལ་སློབ་གཉེར་གྱི་འཐུས་སྒོ་ཚང་ཆེད་བརྡ་སྤྲོད་ཚུད་རྒྱུགས་ཀྱི་ལམ་ལུགས་གཞིར་བཟུང་གདམས་གསེས་ཞུ་རྒྱུ་ཡིན། གལ་ཏེ་ཚུད་རྒྱུགས་བརྒྱ་ཆ་མ་ལོན་ཚེ་སྐབས་གཉིས་པའི་སློབ་ཁོངས་སུ་ཚུད་ཐབས་མེད། སློབ་ཞུགས་སློབ་མའི་མཚན་ཐོ་ཡེ་ལོ་༢༠༡༧ ཟླ་ ༥ པའི་ཞག ༡༥ སྔོན་ཚུད་དུ་ངེས་པར་འབྱོར་བ་གནང་དགོས། མཚན་ཐོ་དུས་ཐོག་མ་འབྱོར་ཚེ་སྙན་ཞུ་རྩིས་མེད་འགྲོ་རྒྱུ་ཡིན་པས་དེ་དོན་ཚང་མས་འགན་བཞེས་ཡོད་པར་ཞུ།

མཐོ་སློབ་ཏུ་ངོས་སྦྱོར་ཚུད་རྒྱུགས་དང་བཅས་པ་ཡོངས་སུ་ཟིན་རྗེས་དངོས་གཞི་སློབ་སྦྱོང་གི་མཐུན་རྐྱེན་ཆ་ཚང་གདན་སའི་མཐོ་སློབ་ནས་གནང་རྒྱུ་དང་སློབ་མ་རང་ངོས་ནས་ཆ་རྐྱེན་གང་དགོས་དང་སློབ་ཁྲིད་ཀྱི་རྒྱུད་རིམ་སོགས་གསལ་བཤད་གཤམ་འཁོད་ཁ་བྱང་ཐོག་ལ་འབྲེལ་ལམ་གནང་སྐྱོང་ཡོད་པ་ཞུ།

གཤམ་ནས་PDFཡིག་ཆ་བརྒྱུད་ནས་གསལ་བསྒྲགས་གཟིགས་ཀྱང་ཆོག

སྨན་རྩིས་སློབ་མ་གསར་བསྡུ།