སྨན་ཞབས་ཀྱིས་ནད་པར་རང་ཉིད་ཀྱི་ནད་ཡམས་བསྒོས་པ།

0
1251

ཨ་རི། ཝ་ཤིང་ཊོན། སྤྱི་ལོ་2018ཟླ་5ཚེས་9ཉིན། ད་ལྟ་ཆུ་ཚོད་འགའི་སྔོན་དུ་ཨ་རིའི་ཧྥོག་སི་གསར་ཁང་(Fox News)གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཝ་ཤིང་ཊོན་གཞུང་མྱུར་སྐྱོབ་སྨན་ཁང་(Washington State Emergency Room)གི་སྨན་ཞབས་བུད་མེད་ཅིག་གིས་རང་ཉིད་ལ་ཡོད་པའི་གཉན་ནད་རེག་དུག་དང་ཆ་མཚུངས་པའི་མཆིན་ཚད་ག་པའི་(Hepatitis C)འགོས་ནད་དེ་ཉིད་སྨན་ཁང་དུ་ཡོང་མཁན་གྱི་ནད་པར་བསྒོས་པའི་གནས་ཚུལ་ཐོན་འདུག དེ་ཡང་ཁོ་མོ་རང་ཉིད་ཀྱིས་སྤྱད་ཟིན་པའི་སྨན་ཁབ་ཆེད་དུ་བསྐྱར་སྤྱོད་བྱས་ཏེ་འགོས་ནད་དེ་ཉིད་གང་ཐུབ་ཀྱིས་ནད་པ་གཞན་ལ་བསྒོ་ཐབས་བྱས་ཡོད་སྐོར་གླེང། གནས་ཚུལ་དེ་ཉིད་རིམ་པས་ཉེན་རྟོག་པས་ཤེས་རྟོགས་བྱུང་མཐར་དེ་རིང་ཞོགས་པ་ཁོ་མོ་ས་གནས་དེ་གའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་བརྗོད།

ཝ་ཤིང་ཊོན་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ངན་སེམས་ཀྱིས་ཀུན་ནས་བླངས་པའི་ལས་ངན་དེ་ཉིད་འོག་ནད་པ་སྟོང་ཚོ་ལས་བརྒལ་བར་རང་ཉིད་ཀྱིས་སྤྱད་པའི་སྨན་ཁབ་བསྐྱར་སྤྱོད་བྱས་འདུག། ད་ལྟའི་ཆར་ཤེས་རྟོགས་བྱུང་གསལ་ལྟར་ན་ནད་པ་མི་གྲངས་གཉིས་ལ་འགོས་ནད་དེ་ཉིད་འགོས་ཟིན་པའི་གནས་ཚུལ་བརྗོད་བཞིན་མཆིས། ད་དུང་། སྨན་ཞབས་དེས་ནད་པའི་མིང་ཐོག་ལ་བླངས་པའི་ཟུག་གཅོག་བཟི་སྨན་རང་ཉིད་ཀྱིས་སྤྱོད་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུག་པ་དང་། བཟི་སྨན་སྤྱོད་བྱེད་དུ་སྤྱད་པའི་སྨན་ཁབ་དེ་དག་བསྐྱར་དུ་ནད་པའི་ཐོག་སྤྱད་ཡོད་པའི་གནས་ཚུལ་གསལ།

སྨན་ཞབས་དེ་ཉིད་ཀྱིས་ཅིའི་ཕྱིར་ལས་ངན་དེ་ཉིད་བརྩམས་ཡོད་མེད་དང་། སྨན་ཁང་ནས་གནས་ཚུལ་དེ་རིགས་ལ་དོ་དམ་མ་ཐུབ་པའི་གནད་དོན་ཐད་རྩད་ཞིབ་བྱེད་བཞིན་ཡོད་འདུག#Nurse charged after allegedly exposing patients to Hep C with needles she used for drugs.

གནས་ཚུལ་དེ་ཉིད་ཕྱི་གྱར་དང་ཁ་གསལ་བྱུང་རྗེས་སྨན་ཁང་གཞུང་གིས་སྨན་ཞབས་དེ་ཉིད་ཀྱི་ལག་འོག་ནས་ཕྱིན་པའི་ནད་པ་ཁྱོན་2600ལྷག་ལ་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱ་འགོ་ཚུགས་ཡོད་པ་རེད་འདུག གནས་ཚུལ་དེའི་ཐད་གསར་ལམ་ཁག་གི་དྲ་ཚིགས་དང་སྤྱི་ཚོགས་དྲ་གནས་ཁག་གི་ཐོག་ཏུ་ཀློག་པ་པོ་དུ་མ་ཞིག་གིས་ཁོ་མོར་ངན་ཚིག་སྨྲོས་བཞིན་འདུག་ཅིང་། ཁོ་མོའི་བྱ་སྤྱོད་དེ་རིགས་ལ་ཚེ་བཙོན་གྱི་ཁྲིམས་ཆད་གཅོད་དགོས་ངེས་པའི་བསམ་འཆར་འདོན་པ་སོགས་ཀྱིས་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་འདུག འོན་ཀྱང་། སྨན་ཞབས་བུད་མེད་དེ་ཉིད་ཀྱི་ཁྲིམས་རྩོད་པས་གསར་འགོད་པར་འགྲེལ་བརྗོད་བྱས་དོན་ལྟར་ན།“ངའི་ཁ་མཆུའི་དོ་བདག་གིས་རང་ཉིད་ཀྱིས་སྤྱད་པའི་སྨན་ཁབ་ནད་པར་བསྐྱར་སྤྱོད་བྱས་པ་སོགས་གང་ཡང་བྱས་མེད། མ་ཟད། ཁོ་མོས་ལས་ངན་དེ་རིགས་རྩ་བ་ནས་ཁས་ལེན་བྱ་གི་མ་རེད།”ཅེས་བརྗོད་འདུག

སྤྱིར་མཆིན་ཚད་ག་པའི་(Hepatitis C)ནད་ཡམས་དེ་ཉིད་ནི་གཉན་ནད་རེག་དུག་དང་སྒོ་ཕལ་མོ་ཆེ་ནས་མཚུངས་ཤིང་། ནད་ཡམས་དེ་ཉིད་འགོ་སྟངས་ཀྱང་སྨན་ཁབ་བརྒྱུད་ནས་འགོ་བ་དང་། སྲུང་ཤུབས་མེད་པའི་འཁྲིག་སྤྱོད་བརྒྱུད་ནས་འགོ་བ། གཞན་གྱིས་ཆེད་དུ་རང་ཉིད་ནད་འབུ་ཡོད་པའི་ཁབ་དང་གྲི་སོགས་སྤྱད་དེ་བསྒོ་བ། རང་ཉིད་ཀྱི་ཨ་མར་ནད་ཡམས་དེ་ཉིད་ཡོད་ཚེ་གསར་དུ་བཙས་པའི་བྱིས་པར་ཡང་རང་བཞིན་གྱིས་ནད་ཡམས་དེ་ཉིད་འགོས་ཀྱི་ཡོད། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཟིན་ཐོ་ལྟར་ན་ད་ལྟའི་ཆར་ཨ་རིའི་ནང་མཆིན་ཚད་ག་པ་ལྡན་པའི་ནད་པ་མི་གྲངས་ས་ཡ་3.9ཡོད་འདུག ང་ཚོའི་བོད་པའི་སྤྱི་ཚོགས་གཙོས་ཁོར་ཡུག་དུ་མ་ཞིག་ལ་སྲུང་ཤུབས་མེད་པའི་འཁྲིག་སྤྱོད་ལ་ཞུགས་པ་སོགས་ཀྱི་སྐབས་གཉན་ནད་རེག་དུག་ལ་འཇིགས་པ་ལས་མཆིན་ཚད་ག་པ་སོགས་ལ་དོ་སྣང་བྱ་མཁན་ཧ་ཅང་ཉུང་ཉུང་ཡིན། འོན་ཀྱང་། མཆིན་ཚད་ག་པ་ནི་གཉན་ནད་རེག་དུག་ལྟར་བཅོས་ཐབས་མེད་ཅིང་རིམ་པས་ངེད་ཅག་གི་ཚེ་སྲོག་འཕྲོག་པར་བྱེད་ཀྱི་ཡོད་པས་ངེས་པར་གཟབ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ།ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།