སྔོན་འགྲོའི་ཆ་རྐྱེན་མེད་པར་གྲོས་མོལ་བྱ་ཟེར། ཨ་རིས་མགོ་སྨན་བཟོ་ཐབས་བྱེད་པ།

0
1663
དེ་རིང་བྱང་ཀོ་རི་ཡ་ནས་ཕྱིར་ལོག་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་བརྗོད་དོན།"བྱང་ཀོ་རི་ཡས་ང་ཚོར་དམག་འཁྲུག་སྔོན་འགོག་བྱ་རྒྱུ་གལ་ཆེན་རེད། འོན་ཀྱང་། ཁོང་ཚོས་དམག་འཁྲུག་རྒྱག་གི་མིན་ཞེས་ཞུ་རྒྱུ་གང་ཡང་མེད།"ཅེས་བརྗོད་བྱུང་ཟེར།#North Korea tells senior UN official it is 'important to prevent war', but doesn't offer any commitment.

བྱང་ཀོ་རི་ཡ། ཧྥོང་ཡན། སྤྱི་ལོ་2017ཟླ་12ཚེས་13ཉིན། ད་ལྟ་ཆུ་ཚོད་གཉིས་ཀྱི་སྔོན་དུ་རྒྱ་གར་གྱི་དཔལ་འབྱོར་དུས་བབ་(The Economic Times)དང་། དབྱིན་ཡུལ་གྱི་རྒྱལ་སྤྱིའི་རུ་ཀྲར་(Reuters)གསར་ཁང་ལ་སོགས་པའི་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཊི་ལར་སན་(Rex Tillerson)ལགས་ཀྱིས་བྱང་ཀོ་རི་ཡར་སྔོན་འགྲོ་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་བྱ་རྒྱུའི་གོ་སྐབས་སྤྲོད་ཀྱི་ཡོད་ཅེས་བརྗོད་པའི་གནས་ཚུལ་ཐོན་འདུག འོན་ཀྱང་། ཨ་རིའི་རྒྱལ་སྲིད་དྲུང་ཆེས་ནན་བརྗོད་བྱས་དོན།“ཧྤོང་ཡན་གཞུང་གིས་ངེད་ཡུལ་གཉིས་ཀྱི་བར་དུ་གྲོས་མོལ་གྱི་བརྗོད་གཞི་ནི་བྱང་ཀོ་རི་ཡས་རྡུལ་མཚོན་ལས་གྲྭ་མཚམས་འཇོག་དགོས་པའི་སྐོར་ཁོ་ན་ཡིན་པ་ཤེས་དགོས།”ཞེས་བརྗོད་པའི་གནས་ཚུལ་བརྗོད།

དེ་བཞིན་ཨ་རིའི་རྒྱལ་སྲིད་དྲུང་ཆེས་མུ་མཐུད་བརྗོད་དོན།“དང་ཐོག་ང་ཚོ་ཐེངས་གཅིག་ཐུག་དང་། ཁྱོད་ཚོ་ནམ་ཞིག་གྲོས་མོལ་ལ་གྲ་སྒྲིག་ཡིན་རུང་། ང་ཚོས་སྒུག་བསྡད་ཡོད།”ཅེས་བརྗོད་འདུག དེ་ལྟར་ཨ་རིའི་རྒྱལ་སྲིད་དྲུང་ཆེས་བརྗོད་དོན་ལྟར་ན་བྱང་ཀོ་རི་ཡའི་རྡུལ་མཚོན་འཕེལ་རྒྱས་ཤུགས་ཆེན་འགྲོ་བཞིན་པ་ནི། ཨ་རིའི་རྒྱལ་དོན་བདེ་སྲུང་ལ་ཐད་ཀར་ཉེན་ཚབས་བཟོ་གི་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་འདུག དེའི་ཕྱིར་བྱང་ཀོ་རི་ཡས་རྡུལ་མཚོན་གོང་འཕེལ་གཏོང་རྒྱུར་ལྷོད་མེད་ངང་འབད་པ་ནི་ཨ་རིར་ཐད་ཀར་རྒོལ་བ་དང་གཅིག་མཚུངས་སུ་གྱུར་ཏེ་བཟོད་དཀའ་བའི་གནས་སུ་འགྱུར་གྱི་ཡོད་ཚུལ་བརྗོད་བཞིན་འདུག

ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཊི་ལར་སན།#U.S. Secretary of State Rex Tillerson.

ད་དུང་ཨ་རིའི་རྒྱལ་སྲིད་དྲུང་ཆེས་ཉེ་བའི་གསང་བའི་གནས་ཚུལ་གལ་ཆེན་འགའ་ཕྱིར་བསྒྲགས་བྱས་དོན།“ཉེ་ཆར་ངེད་ཨ་རི་གཞུང་དང་རྒྱ་ནག་གཞུང་གཉིས་ཀྱི་བར་དུ་བྱང་ཀོ་རི་ཡའི་གཞུང་འཛིན་བརྡིབས་རྗེས་རྡུལ་མཚོན་ལས་གྲྭར་སྲུང་སྐྱོབ་ཇི་ལྟར་བྱ་དགོས་མིན་ཐད་གོ་བསྡུར་བྱེད་བཞིན་ཡོད། མ་ཟད། གལ་སྲིད་ངེས་པར་དུ་ཨ་རིའི་དམག་མི་བྱང་ཀོ་རི་ཡའི་ནང་དུ་འཛུལ་དགོས་འབྱུང་ཚེ། རྒྱ་ནག་གིས་རང་ཉིད་ཀྱི་ས་མཚམས་ལྷོ་ཁུལ་བར་དུ་ཕྱིར་འཐེན་བྱ་རྒྱུའི་ཐག་ཆོད་བྱུང་ཡོད།”ཅེས་ཀྱང་བརྗོད་འདུག དེའི་ཐོག་ཁོང་གིས་གསལ་བརྗོད་བྱས་དོན།“འོན་ཀྱང་། ང་ཚོའི་ལངས་ཕྱོགས་ནི་གནད་དོན་ཡོད་ཚད་ཞི་བའི་ངང་ཐག་ཆོད་བྱ་རྒྱུར་འདོད་པ་ཡོད་པ་དེ་ཡིན།”ཞེས་བརྗོད་འདུག

དེ་བཞིན་ཁོང་གིས་གོ་རྒྱུ་ཅན་གྱི་སྐད་ཆའི་ལམ་ནས་ནན་བརྗོད་བྱས་དོན།“བྱང་ཀོ་རི་ཡས་གནམ་གཤིས་ཀྱི་སྐོར་ལ་གྲོས་མོལ་བྱ་ཆོག་ཅིང་། ཁྱེད་ཚོའི་འདོད་མོས་ལྟར་མདུན་ཅོག་སྒོར་སྒོར་དང་གྲུ་བཞི་ཅི་འདྲ་ཞིག་གི་ཐོག་ནས་ཀྱང་གྲོས་མོལ་བྱ་ཆོག དེ་རྗེས་ང་ཚོས་ལམ་ཐིག་གི་ས་ཁྲ་ཞིག་བཏོན་ནས་མདུན་ཕྱོགས་ཀྱི་ལས་ཀ་ཇི་ལྟར་བྱ་དགོས་མིན་ཐད་གྲོས་འགོ་འཛུགས་ཆོག་གི་རེད།”ཅེས་བརྗོད་འདུག

སྤྱི་ལོ་2017ཟླ་8ཚེས་6ཉིན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་རི་ཡོང་ཧོ་གཉིས་ཕི་ལིབ་ཧྥིན་དུ་ཐུག་འཕྲད་སྐབས། སྐབས་དེར་རྒྱ་ནག་གིས་བྱང་ཀོ་རི་ཡར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉེས་ཆད་བཅད་རྗེས་འུར་ཟིང་མ་སློང་རྒྱུའི་རེ་འདུན་བཏོན་པར་བརྗོད།#Chinese foreign minister Wang Yi and North Korea’s Foreign Minister Ri Yong-Ho in Manila.

ད་ལྟའི་ཆར་སྐབས་དོན་གྲོས་མོལ་གྱི་བརྗོད་གཞིའི་ཐད་རྒྱལ་སྲིད་དྲུང་ཆེ་ཊེ་ལར་སན་ལ་སྲིད་འཛིན་ཀྲམ་ཧྥིའི་རྒྱབ་སྐྱོར་ཡོད་མེད་ཤོད་ཐབས་བྲལ་ཞིང་། ཕོ་བྲང་དཀར་པོའི་ངོས་ནས་ཀྱང་སྐབས་དོན་གནས་ཚུལ་དེ་ཉིད་རྒྱལ་སྲིད་དྲུང་ཆེའི་འདོད་མོས་ལྟར་ཐག་ཆོད་ཡོང་རེ་བྱེད་བཞིན་ཡོད་མིན་གསལ་ཁ་མེད་པར་བརྗོད་བཞིན་འདུག དཔེར་ན། ཉེ་སྔོན་རྒྱལ་སྲིད་དྲུང་ཆེས་ཨ་བྱང་གི་དཀའ་རྙོག་དེ་ཉིད་སེལ་ཐབས་ཐད་གྲོས་མོལ་གྱི་ཐབས་ལམ་སྤྱད་དེ་ཞི་གྲོས་ཡོང་རེ་བརྗོད་ཡོད། འོན་ཀྱང་། སྲིད་འཛིན་ཀྲམ་ཧྥི་ཡིས་ཁོང་གི་འདོད་ཕྱོགས་དེ་ནི་དུས་ཚོད་འཕྲོ་བརླག་གཏོང་རྒྱུ་ལས་ཕན་པ་མེད་སྐོར་བརྗོད་ཡོད།

ཕྱོགས་གཞན་ནས་སྐབས་དོན་གྲོས་མོལ་དེ་ཉིད་ཀྱི་ཐད་རྒྱལ་སྲིད་དྲུང་ཆེ་རང་ངོས་ནས་བརྗོད་དོན།“སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ངེད་ཨ་རིའི་ཕྱོགས་ནས་ཨ་བྱང་གཉིས་ཀྱི་ཐུག་འཕྲད་དང་པོ་དེ་ཉིད་བྱ་རྒྱུར་གྲ་སྒྲིག་ཡིན། འོན་ཀྱང་། བྱང་ཀོ་རི་ཡ་དང་ཐུག་འཕྲད་ཐེངས་དང་པོ་དེ་ཉིད་བརྒྱུད་ལམ་སེང་རྡུལ་མཚོན་ལས་གཞི་མཚམས་འཇོག་བྱེད་ཟེར་བ་ནི་ཡོང་མི་སྲིད་པ་ཞིག་རེད། ཁོང་ཚོས་ཀྱང་ལས་གཞི་དེ་ཉིད་ཐོག་འགྲོ་སོང་དང་ནུས་ཤུགས་ཁྱོན་ཆེན་བློས་གཏོང་བྱས་ཡོད་པ་རེད། གནས་ཚུལ་དེའི་ཐད་སྲིད་འཛིན་ཀྲམ་ཧྤིའི་སྐད་ཆ་དོན་དངོས་རེད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།