སྐུ་ཞབས་ཁཱ་ཟོས་ཨེ་ཤེ་གྷུ་རོ་ལགས་ལ་ལོ་འདིའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་འདུག

0
1391
སྤྱི་ལོ་2017ལོའི་ནོར་བྷེལ་རྩོམ་རིག་གཟེངས་རྟགས་དེ་རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་ཉི་ཧོང་བ་སྐུ་ཞབས་ཁཱ་ཟོས་ཨེ་ཤེ་གྷུ་རོ་(Kazuo Ishiguro)ལགས་ལ་གནང་པའི་ཁྱབ་བསྒྲགས་བྱས་འདུག#Kazuo Ishiguro, the 2017 Nobel Prize Winner in Literature.

བོད་ཀྱི་དེ་ཕོ་ཕྱི་འབྱོར་རྩོམ་ཡིག
ཡིག་སྒྱུར་བ། ཕུར་རྡོར།

ནོ་བྷེལ་གཟེངས་རྟགས་ཀྱི་འཐུས་ཚོགས་ནས་སྤྱི་ལོ་2017ལོའི་ཟླ་10ཚེས་5ཉིན་གྱི་ཆུ་ཚོད་དང་པོའི་ཐོག་ཏུ། སྤྱི་ལོ་2017ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་ཉི་ཧོང་བ་སྐུ་ཞབས་ཁཱ་ཟོས་ཨེ་ཤེ་གྷུ་རོ་(Kazuo Ishiguro)ལགས་ལ་གནང་པའི་ཁྱབ་བསྒྲགས་བྱས་འདུག སྐབས་དེར་སི་ཝེ་རྡེ་ཤིའི་རྩོམ་རིག་ལྷན་ཚོགས་ནས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་རུ་གསུངས་དོན།ཁོང་གིས་སྒྲུང་རྩོམ་གྱི་བརྩེ་དུང་གི་སྟོབས་ཆེན་པོ་དེས་ང་ཚོ་དང་འཇིག་རྟེན་བར་དུ་སྦྲེལ་བྱེད་ཀྱི་འཁྲུལ་སྣང་རྒྱབ་ཀྱི་གཏིང་ཟབ་པོ་ཟབ་པོ་ཞིག་སྔོག་འདོན་བྱེད་རོགས་གནང་པ་རེད།ཅེས་ནས་གདེང་འཇོག་དང་བསྔགས་བརྗོད་བགྱིས་འདུག ཁོང་གིས་འཛམ་གླིང་འདི་ཧ་ཅང་གི་ཉེན་ཚབས་ཅན་གྱི་གནས་སྐབས་ཤིག་ཏུ་གྱུར་ཡོད། ངས་ནོ་བྷེལ་གཟེངས་རྟགས་དེ་འཛམ་གླིང་འདི་བཟང་ཕྱོགས་སུ་འཕོ་འགྱུར་གཏོང་བྱེད་ཀྱི་ནུས་སྟོབས་ཤིག་ལ་འགྱུར་བར་རེ་བ་བྱེད་ཀྱི་ཡོད།ཞེས་གསུངས་འདུག

སྐུ་ཞབས་ཁཱ་ཟོས་ཨེ་ཤཱེ་གྷུ་རོའོ་ལགས་ནི། ཉི་ཧོང་གི་ས་ཆ་ནཱ་གྷ་ས་ཁེ་(Nagasaki)རུ་སྤྱི་ལོ་1954ཟླ་11ཚེས་8ཉིན་ཡབ་རྒྱ་མཚོ་རིག་པ་བ་(Oceanographer)ཤེ་ཟོས་ཨེ་ཤེ་གྷུ་རོ་(Shizuo Ishiguro)ཞེས་པའི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་གཞས་པ་དང་གཞས་ཚིག་རྩོམ་པ་པོ་ཞིག་ཏུ་འགྱུར་བའི་ཕུགས་བསམ་དང་རྨི་ལམ་ཡོད་མཁན་ཞིག་ཡིན། འོན་ཀྱང་དམིགས་ཡུལ་དེ་ཉིད་མངོན་གྱུར་མ་བྱུང་ཡང་ཁོང་གིས་བསྟུད་མར་གཞས་ཚིག་བྲིས་པ་དེས་ཁོང་གི་རྩོམ་སྟངས་ཀྱི་ཆ་ནས་ཐུན་མོང་མ་ཡིན་པ་དང་། རྗོད་བྱེད་ཚིག་ཚོགས་ཉུང་བའི་ལྷུག་རྩོམ་འབྲི་མཁན་ཞིག་ཏུ་བཟོས། དེ་ལ་བརྟེན་ནས་ཁོང་གི་མི་རབས་ནང་དུ་དབྱིན་ཇིའི་རྩོམ་པ་པོ་ནང་ནས་ཤུགས་རྐྱེན་ཆེ་ཤོས་ཤིག་ཏུ་གྱུར།

ཁོང་གི་བརྩམས་ཆོས་དཔེ་དེབ་ཁག #Books by Kazuo Ishiguro on display.

ཁོང་ཆེས་ཐོག་མ་རྩོམ་རིག་ལ་དོ་སྣང་སླེབ་དུས་ནི་བྱིས་དུས་ནས་ཡིན་ཞིང་། དེའང་ཁོང་གི་གྲོང་ཚོ་རུ་ཡོད་པའི་དཔེ་མཛོད་ཁང་དུ་«ཤཱར་ལོག་ཧོལ་མེ་སི»(Sherlock Holmes)ཡི་སྒྲུང་བཀླགས་ཏེ་དབྱིངས་ཞུགས་པ་དང་། དཔེར་ན་བཅར་འདྲི་ཞིག་གི་ནང་དུ་ཁོང་གིས་ང་ལོ་དགུ་དང་བཅུ་ཡས་མས་ཤིག་ཡིན་དུས། ངས་ཧོལ་མེ་སི་(Holmes)དང་ཝཱ་ཋི་སོན་(Watson)གྱི་སྐོར་ལ་སྤྲོ་སྣང་ཆེན་པོས་ཀློག་གིན་ཡོད་པ་མ་ཟད། ཁོང་ཚོས་གང་བྱས་པ་དེ་ལས་ཟློས་བྱེད་པའི་མགོའང་བཙུགས་པ་ཡིན།ཞེས་བཀོད་འདུག ཁོང་ལ་དབྱིན་ཇིའི་བརྩམས་སྒྲུང་རྩོམ་པ་པོ་(Novelist)དང་། གློག་བརྙན་འཁྲབ་གཞུང་གི་རྩོམ་པ་པོ(Screenwriter) སྒྲུང་ཐུང་རྩོམ་པ་པོ་(Short story writer)སོགས་ཀྱི་མཚན་སྙན་ཐོགས་ཡོད།

སྤྱི་ལོ་1960ལོ་སྟེ་ཁོང་དགུང་ལོ་ལྔ་ཡིན་དུས། སྲིང་མོ་གཉིས་དང་བཅས་ནང་མི་ཆ་ཚང་ཉི་ཧོང་(Japan)ནས་དབྱིན་ལན་(England)གྱི་གྷེལ་དྷི་ཧྥོ་དྷི་སཱ་རེ་(Guildford, Surrey)ཞེས་པ་རུ་གནས་སྤོ་བྱས། དེ་ནས་ཁོས་སློབ་ཆུང་(Stoughton Primary School)དང་། དེ་བཞིན་(Woking County Grammar School)ཞེས་པའི་སློབ་གྲྭ་སོགས་འགྲིམས། སློབ་མཐར་ཕྱིན་པ་དང་སློབ་མཚམས་ལོ་གཅིག་བཞག་སྟེ་ཨ་རི་དང་ཁཱ་ན་ཏ་རུ་ཡུལ་སྐོར་དུ་ཕྱིན་ནས་ཡུལ་སྐོར་ཟིན་བྲིས་གང་མང་བྲིས་འདུག

ནོ་སྦེལ་གཟེངས་རྟགས་ཚོགས་པའི་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་བརྒྱུད་རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་ཉི་ཧོང་བ་སྐུ་ཞབས་ཁཱ་ཟོས་ཨེ་ཤེ་གྷུ་རོ་ལ་སྤྱི་ལོ་2017ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་པའི་གསལ་བསྒྲགས། #BREAKING NEWS The 2017 #NobelPrize in Literature is awarded to the English author Kazuo Ishiguro.

སྤྱི་ལོ་1974ལོར་ཁཱང་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་(University of Kent)རུ་འཛུལ་ཞུགས་བྱས་ནས་དབྱིན་ཇིའི་སྐད་ཡིག་དང་མཚན་ཉིད་རིག་པའི་སྒང་ནས་སློབ་སྦྱོང་གི་མགོ་བཙུགས་ཏེ། 1978ལོར་སློབ་མཐར་ཕྱིན་ནས་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས། དེ་ནས་ཁོས་ལོ་ཁ་ཤས་ཀྱི་རིང་ལ་སྒྲུང་རྩོམ་བྲིས་ཏེ་སླར་ཡང་ཤར་ཕྱོགས་ཨན་གྷི་ལེ་ཡ་གཙུག་ལག་སློབ་གྲྭ་ཆེན་མོ་(University of East Anglia)རུ་སློབ་གཉེར་གྱི་མགོ་ཚུགས་ཏེ། 1980ལོར་རྩོམ་རིག་གསར་རྩོམ་གྱི་སྒང་ནས་འབུམ་རིམ་པའི་ལག་འཁྱེར་བླངས། «རི་ཚོགས་ཀྱི་ཡུལ་ལྗོངས་སྐྱ་བོ།»(A Pale View of Hills)ཞེས་པ་དེ་1982ལོར་དཔེ་སྐྲུན་བྱས་པ་དང་། ཁོང་གི་འབུམ་རིམ་པའི་ཆེད་རྩོམ་ཡིན་ལ་ཆེས་ཐོག་མའི་སྒྲུང་རྩོམ་ཡང་རེད་འདུག

ཁོང་ལ་རྩོམ་རིག་གཟེངས་རྟགས་སྔ་གཞུག་ཐེངས་མང་རག་མྱོང་ཞིང་། 1982ལོར་«རི་ཚོགས་ཀྱི་ཡུལ་ལྗོངས་སྐྱ་བོ།»ཞེས་པའི་བརྩམས་ཆོས་དེར་Winifred Holtby Memorial Prizeཞེས་པའི་བྱ་དགའ་ཐོབ། 1986ལོར་«འཕྱོ་ལྡིང་གི་རི་མོ་བ།»(An Artist of the Floating World)ཞེས་པའི་བརྩམས་ཆོས་ལ་Whitbread Prizeཞེས་པའི་གཟེངས་རྟགས་ཐོབ། 1989ལོར་ཁོང་གི་སྒྲུང་རྩོམ་«ཉིན་ལྷག་མ།»(The Remains of the day)ཞེས་པ་དེར་Booker Prizeཞེས་པའི་གཟེངས་རྟགས་ཐོབ། 1993ལོར་གྷི་རན་ཊ་(Granta)ཞེས་པའི་དབྱིན་ཇིའི་རྩོམ་རིག་དུས་དེབ་ཁང་ནས་ཁོང་དབྱིན་ཇིའི་ཕུལ་བྱུང་ཅན་གྱི་གཞོན་སྐྱེས་རྩོམ་པ་པོ་ཉི་ཤུ་ཞེས་པ་རུ་འདེམ་ཐོན་བྱུང་། 1995ལོར་«སེམས་གསོ་མེད་པ།»(The Unconsoled)ཞེས་པའི་བརྩམས་ཆོས་དེ་དཔེ་སྐྲུན་བྱས། 2000ལོར་«ང་ཚོ་དྭ་ཕྲུག་ཡིན་དུས།»(When We Were Orphans)ཞེས་པའི་བརྩམས་ཆོས་དེ་དཔེ་སྐྲུན་བྱས། 2005ལོར་ཁོང་གི་སྒྲུང་རྩོམ་«ང་ཡེ་ནས་འགྲོ་རུ་མ་འཇུག»(Never let me go)ཞེས་པ་དེར་ཋེ་མོ་སི་དུས་དེབ་(The Times)ནས་2005ལོའི་སྒྲུང་རྩོམ་རྩེ་ཕུད་དང་། སྤྱི་ལོ་1923ནས་2005བར་གྱི་སྒྲུང་རྩོམ་ཡག་ཤོས་བརྒྱའི་ཐོ་གཞུང་དུ་བཀོད། 2008ལོར་The Timesཚང་གིས་“1945ནས་བྱུང་བའི་དབྱིན་ཇིའི་རླབས་ཆེན་རྩོམ་པ་པོ་ལྔ་བཅུ།ཞེས་པའི་ཁོངས་སུ་ཨང་རིམ་32པའི་མཚན་བྱང་དུ་བཀོད། 2015ལོར་«སྦས་པའི་མི་བོ་ཆེ།»(The Buried Giant)ཞེས་པ་དེ་དཔེ་སྐུན་བྱས་འདུག ད་དུང་ཁོང་ལ་རྟོག་སྒྲུང་ཐུང་ངུའི་གྲས་དང་། གློག་བརྙན་འཁྲབ་གཞུང་། གཞས་ཚིག་སོགས་བརྩམས་ཆོས་གྲགས་ཅན་མང་པོ་འདུག

རྩོམ་པ་པོ་ཁོང་གིས་དང་ཐོག་གསར་འགྱུར་དེ་ཉིད་ཐོས་སྐབས་དཀྲོག་གཏམ་རེད་བསམས་ནས་ཡིད་ཆེས་མ་བྱུང་ཟེར། ཕྱིས་ནས་གཟེངས་རྟགས་དེ་ཉིད་དངོས་གནས་ཡིན་པ་ཤེས་རྗེས་ཁོ་རང་དངོས་གནས་ཧ་ཅང་དགའ་པོ་བྱུང་རབས་དང་། རང་ཉིད་ཀྱི་རྩོམ་རིག་བྱ་གཞག་རྣམས་རྩོམ་པ་པོ་ཕུལ་བྱུང་བ་དག་གི་རྐང་རྫེས་དེད་ཀྱིན་པའི་ཚོར་སྣང་བྱུང་ཞེེས་བརྗོད་འདུག #’I thought it was a hoax’: Ishiguro feared Nobel Literature Prize was ‘fake news’ he said.

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།