སྐད་ཡིག་ཅིག་གི་འཇིག་ཉེན་དང་དེ་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ།

1
2182

བོད་ཀྱི་དེ་ཕོ་ཕྱི་འབྱོར་རྩོམ་ཡིག
རྩོམ་པ་པོ། འཇུ་རྒྱལ་སྲས།

བཅུ་དྲུག་ལང་ཚོ་དཔལ་གྱི་ཐུགས་ཀ་ནས།།
ཤེས་རབ་འབར་བའི་དབྱངས་གསལ་ལེགས་དྲངས་ཏེ།།
གངས་ཅན་མུན་པའི་གླིང་དུ་སྣང་བ་ཡིས།།
ཡོངས་སུ་ཁྱབ་པར་མཛད་ལ་སྤྱི་བོས་འདུད།།

སྐད་ཡིག་གི་འཇིག་ཉེན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག། རིག་གཞུང་སྡེ་ཚན་(UNESCO)གྱི་ཆེད་ལས་མཁས་པས་སྡོམ་རྩིས་བཀོད་པར་གཞིགས་ན། ད་ལྟའི་ཆར་འཛམ་གླིང་འདིར་སྐད་རིགས་མི་འདྲ་བ་ ༧༠༠༠ ཙམ་ཡོད་ཅིང་།  འདི་ནས་བརྩིས་པའི་ལོ་ངོ་བརྒྱའི་[1]རྗེས་སུ་གྲངས་ཀ་དེའི་ཕྱེད་ཀ་འཇིག་རྟེན་འདི་ནས་རྟིང་ཡལ་དུ་འགྲོ་རྒྱུ་ཡིན་པའི་ཚོད་དཔག་གནང་གི་ཡོད།  སྐད་རིགས་མི་འདྲ་བ་༧༠༠༠ ནང་ནས་ཀྱང་༢༥༧༡ [2]ཙམ་ཉེན་ཁའི་གནས་སུ་ལྷུང་ཡོད་པ་དང་། ཉེན་ཁར་ལྷུང་ཟིན་པའི་རྗེས་སུ་ཉམས་རྒུད་དུ་འགྲོ་སླ་ཞིང་།  ཉམས་རྒུད་འགྲོ་བའི་མྱུར་ཚད་ནི་ད་ལྟའི་ཆར་འཛམ་གླིང་འདིར་གཟའ་འཁོར་གཉིས་རེའི་མཚམས་སུ་སྐད་རིགས་རེ་མེད་པར་འགྱུར་གྱི་ཡོད།  

སྐད་ཡིག་ཅིག་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་འགའ་ཞིག

༡༽  སྤྱོད་སྒོ་ཆེ་བའི་སྐད་རིགས་དཔེར་ན་དབྱིན་སྐད་དང།  རྒྱ་སྐད། སི་པན་གྱི་སྐད་ལྟ་བུ་སོ་སོའི་ཕ་སྐད་ཀྱི་དོད་དུ་བེད་སྤྱོད་བྱེད་པ།   

༢༽  རྒྱལ་ཁབ་གཞན་གྱིས་བཙན་འཛུལ་ལ་བརྟེན་ནས་བཙན་འཛུལ་བྱ་ཡུལ་གྱི་མི་རིགས་དེའི་སྐད་ཡིག་ཉམས་རྒུད་དུ་འགྲོ་བ། དཔེར་ན།  དུས་རབས་བཅུ་དགུ་པའི་སྟོད་དུ་ཡོ་རོབ་ཀྱི་བཙན་འཛུལ་བས་ཨོ་སི་ཁྲི་ལི་ཡའི་(Australia)གདོད་མའི་མི་རིགས་ཁྲན་ས་མ་ནི་ཡར་(Tasmanians)དབང་བསྒྱུར་བྱས་པ་ལ་བརྟེན་ནས།  ཁྲན་ས་མ་ནི་ཡའི་གདོད་མའི་སྐད་རིགས་མང་དག་ཅིག་རྩ་བརླག་ཏུ་ཕྱིན་པ་ལྟ་བུ།

༣༽  མི་འབོར་ཉུང་བའི་སྤྱི་ཚོགས་ཆུང་ངུ་ཞིག་མི་འབོར་མང་བའི་སྤྱི་ཚོགས་ཆེན་པོ་ཞིག་དང་མཉམ་དུ་འཚོ་སྡོད་བྱས་པ་ལས་སྤྱི་ཚོགས་ཆེ་བ་དེའི་ཤུགས་རྐྱེན་འོག་ནས་ཆུང་བའི་སྐད་ཡིག་རང་བཞིན་ནུས་མེད་དུ་འགྲོ་བ།  དཔེར་ན།  ཕྱི་ལོ་༡༩༤༩ ལོར་མན་ཇུས་རྒྱ་ནག་ལ་དབང་སྒྱུར་བྱས་ཀྱང་མི་རིགས་མང་ཉུང་གི་རྐྱེན་པས་མན་ཇུའི་མི་རིགས་དང་སྐད་ཡིག་གཉིས་ཀ་ཧན་མི་རིགས་ལ་འཐིམས་ཏེ་ད་ཆ་མན་ཇུའི་མི་རིགས་ཀྱི་ཐུན་མིན་རྣམ་པ་ཡལ་ཟིན་པ་ལྟ་བུ་ཡིན།

༤༽  བཙན་འཛུལ་བྱ་ཡུལ་མི་རིགས་དེས་ཕྱི་རྒྱལ་བཙན་འཛུལ་བའི་སྐད་དང་སོ་སོའི་ཕ་སྐད་གཉིས་ཀ་སྦྱོང་གི་ཡོད་ཀྱང་དཔལ་འབྱོར་དང་།  ཆབ་སྲིད། རིག་གནས་ཀྱི་གནོན་ཤུགས་ལ་བརྟེན་ནས་རང་གི་ཕ་སྐད་ཡང་དག་པ་ཞིག་སློབ་མི་ཐུབ་པར་ཉམས་རྒུད་དུ་འགྲོ་བ།  དཔེར་ན་ཨ་མི་རི་ཀའི་གདོད་མའི་མི་རིགས་ཀྱི་སློབ་ཆུང་སློབ་མ་ཞིག་གིས་སློབ་གྲྭར་དབྱིན་སྐད་ཀྱི་ཚབ་ཏུ་སོ་སོའི་ཕ་སྐད་བེད་སྤྱོད་བྱས་པར་བརྟེན་ནས་ཉེས་ཆད་ཕོག་པའི་ལོ་རྒྱུས་ཡོད་པ་ལྟ་བུ།  འདི་ནི་དཔེ་མཚོན་ཙམ་ཡིན་པ་ལས་འཛམ་གླིང་གི་ས་གནས་མང་དག་ཅིག་ཏུ་འདི་ལྟ་བུའི་གནས་ཚུལ་ཡིད་དུ་མི་འོང་བ་ཧ་ཅང་མང་པོ་བྱུང་དང་འབྱུང་མུས་རེད།     

༥༽  རང་གི་ཕ་སྐད་རང་གི་བྱིས་པ་སོགས་མི་རབས་ཕྱི་མ་རྣམས་ལ་སློབ་རྒྱུའི་གོམས་སྲོལ་གཏན་ནས་བོར་འགྲོ་བ་དེ་ནི་སྐད་ཡིག་ཉམས་རྒུད་ཀྱི་རྒྱུ་རྐྱེན་ཆེ་གྲས་ཤིག་ཡིན།  སྤྱིར་སྐད་ཡིག་མང་དག་ཅིག་ལ་བེད་སྤྱོད་བྱེད་མཁན་མི་གཅིག་ཁོ་ན་ལས་མེད་པའང་ཡོད་ཅིང་དེ་དག་ནི་སྐད་ཡིག་སྤྱོད་མཁན་གྱི་མི་དེ་ཉིད་ཤིི་བ་དང་མཉམ་དུ་སྐད་ཡིག་དེ་ཡང་ཡལ་འགྲོ་བ་ཡིན།

སྐད་བརྡ་ཆེད་ལས་མཁས་པས་བརྟག་དཔྱད་བྱས་པར་གཞིགས་ན།  སྐད་ཡིིག་གང་ཞིག་ཡུལ་དེའི་ཕྲུ་གུ་ཚོས་སྦྱོང་གི་མེད་ཚེ། སྐད་ཡིག་དེ་ཉམས་རྒུད་དུ་འགྲོ་བར་མི་རབས་གཅིག་ཙམ་ལས་འགོར་གྱི་མེད།   དཔེར་ན་བྱང་ཨ་རིའི་མངའ་སྡེ་ཨ་ལ་སི་ཀའི་(Alaska)་གདོད་མའི་མི་རིགས་ཀྱི་སྤྱི་ཚོགས་ཨེ་སི་ཁི་མོ(Eskimo)ཟེར་བའི་ནང་ཡུལ་མི་རྣམས་ཀྱིས་ཡུ་ཕིག(Yupik)ཟེར་བའི་སྐད་ཡིག་ཅིག་བེད་སྤྱོད་གཏོང་གི་ཡོད་ཅིང་།  ལོ་ངོ་ཉི་ཤུའི་གོང་དུ་ཡུལ་དེའི་ཕྲུ་གུ་ཕལ་ཆེ་བས་ཡུ་ཕིག་(Yupik) སྦྱོང་གི་ཡོད། འོན་ཀྱང་ད་ལྟའི་ཆར་ཡུ་ཕིག་(Yupik) ཤེས་མཁན་གྱི་མི་སྣ་གཞོན་ཤོས་དེ་ངོ་ལོ་ཉི་ཤུར་སོན་ཡོད་པ་དང་། དེ་མིན་ཡུལ་དེའི་བྱིས་པ་གཞན་རྣམས་ཀྱིས་དབྱིན་ཡིག་ཁོ་ན་མ་གཏོགས་ཤེས་ཀྱི་མེད།   དེ་དང་ཕྱོགས་མཚུངས། དབྱིན་ཡུལ་གྱི་བྱང་ཕྱོགས་སུ་ཆགས་པའི་སི་ཁོ་ལན་ཌིའི་(Scotland)ཡིི་མི་རབས་གོང་མ་ཚོས་གྷེ་ལེག(Gaelic)ཅེས་པའི་སྐད་ཡིག་ཅིག་ཕྱི་ལོ་༡༩༤༠བར་བེད་སྤྱོད་བྱས་ཡོད་ཀྱང་།  ཕྱི་ལོ་༡༩༧༠ ཡས་མས་ཙམ་ནས་གྷེ་ལེག་(Gaelic)ཟེར་བའི་སྐད་ཡིག་དེ་སློབ་མཚམས་བཞག་པས་ད་ཆ་ཉམས་རྒུད་དུ་ཕྱིན་ཟིན་པ་རེད། 

སྐད་ཡིག་ཉམས་རྒུད་ཀྱི་བརྒྱུད་རིམ་ལྔ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག། རིག་གཞུང་སྡེ་ཚན་གྱིས་སྐད་ཡིག་ཅིག་ཉེན་ཁར་ལྷུང་བར་བརྒྱུད་རིམ་མི་འདྲ་བ་ལྔ་ཙམ་ཡོད་པར་བཤད།

ཉེན་ཁ་ཡོད་པ། (Vulnerable)  ཉེན་ཁ་ཡོད་པའི་སྐད་ཡིག་ཟེར་བ་ནི་ཕྲུ་གུ་མང་ཆེ་བས་སྐད་ཡིག་འདི་ཤེས་ཀྱང་།  བེད་སྤྱོད་བྱ་སའི་ཁོར་ཡུག་ལ་བཀག་རྒྱ་གང་འཚམ་ལྡན་པ་ཞིག་ཡིན།  

ཉེན་ཁ་ཆེ་བ། (Definitely endangered) ཉེན་ཁ་ཆེ་བའི་སྐད་ཡིག་ཟེར་བ་ནི་ལུང་པ་དེའི་བྱིས་པ་ཚོས་སྐད་ཡིག་དེ་རང་གི་ཕ་སྐད་ཀྱི་ཚུལ་དུ་སྦྱོང་གི་མེད་པ་དེར་གོ།   

ཉེན་ཁ་ཤིན་ཏུ་ཆེ་བ། (Severely endangered) ཉེན་ཁ་ཤིན་ཏུ་ཆེ་བའི་སྐད་ཡིག་ཟེར་བ་ནི། སྤོ་སྤོ་རྨོ་རྨོའི་མི་རབས་ཀྱིས་སྐད་ཡིག་དེ་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། ཕ་མའི་མི་རབས་ཀྱིས་སོ་སོའི་ཕྲུ་གུ་ཚོར་སྐད་ཡིག་འདི་སློབ་ཀྱི་མེད་པར་མ་ཟད། ཁོང་ཚོ་ནང་ཕན་ཚུན་ལའང་བེད་སྤྱོད་གཏོང་གི་མེད་པའི་སྐད་ཡིག་ཅིག་ལ་ཟེར།  

ཉེན་ཁ་ཆེས་ཤིན་ཏུ་ཆེ་བ། (Critically endangered)  ཉེན་ཁ་ཆེས་ཤིན་ཏུ་ཆེ་བའི་སྐད་ཡིག་ཟེར་བ་ནི།  སྤོ་པོ་རྨོ་མོའི་མི་རབས་དེས་མ་གཏོགས་སྐད་ཡིག་འདི་མི་ཤེས་ཤིང་། ཁོང་ཚོས་ཀྱང་ཆ་ཚང་བ་དང་ནུས་པ་ལྡན་པ་ཞིག་བེད་སྤྱོད་ཤེས་ཀྱི་མེད་པའི་སྐད་ཡིག་ཅིག་ལ་ཟེར།  

རྩ་བརླག་ཏུ་ཕྱིན་པ། (Extinct) རྩ་བརླག་ཏུ་ཕྱིན་པའི་སྐད་ཡིག་ཟེར་བ་ནི། འཇིག་རྟེན་འདིར་བེད་སྤྱོད་བྱེད་མཁན་ཡེ་ནས་མེད་པའི་སྐད་ཡིག་ཅིག་ལ་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག། རིག་གཞུང་སྡེ་ཚན་གྱིས་ཉམས་ཞིབ་བགྱིས་པ་ལས་ཉམས་རྒུད་དུ་ཕྱིན་པ་དང་། ཉེན་ཁར་ལྷུང་བའི་སྐད་རིགས་ཁག་གི་ཐོ་གཞུང་རེའུ་མིག་ཅིག་བཟོས་ཡོད་པ་དེའི་ནང་བོད་ཡིག་ཚུད་མེད། འོན་ཀྱང་སྤྱི་ཚོགས་ཀྱི་གནོན་ཤུགས་དང། ཆབ་སྲིད་ཀྱི་གནས་བབས། ད་དུང་ཁྱབ་རྒྱ་ཆེ་བའི་སྐད་རིགས་གཞན་དག་གི་བཙན་འཛུལ་བཅས་ལ་བརྟེན་ནས་མི་རིང་བར་ཉེན་ཁའི་གནས་སུ་ལྷུང་བའི་ཉེན་ཁ་ཆེན་པོ་ཡོད།

སྐད་ཡིག་གི་གལ་ཆེན་རང་བཞིན།

སྐད་ཡིག་ནི་མི་རིགས་སམ་རིག་གཞུང་གི་སྲོག་རྩ་ཡིན་པས་ཇི་ལྟར་སྐད་ཡིག་དེ་ཉམས་རྒུད་དུ་སོང་ན་སྐད་ཡིག་དེའི་ནང་བཞུགས་པའི་ཆོས་ལུགས་གཙོ་བོར་གྱུར་བའི།  ཚན་རིག་དང་།  དཔལ་འབྱོར།  ཆབ་སྲིད།  ལོ་རྒྱུས།  སྙན་ངག།སྒྲུང་རྩོོམ།  ཁྲིམས་སྲོལ།  གོམས་གཤིས་ལ་སོགས་པའི་རིག་གཞུང་གི་ཆ་ཡོངས་རྫོགས་རྟིང་ཡལ་ཏུ་འགྲོ་རྒྱུ་ཉག་གཅིག་ཡིན་པས།   མི་རིགས་སུ་དང་སུ་ཡིན་ཡང་མི་རིགས་དེའི་རིག་གནས་ཀུན་གྱི་རྩ་བ་ནི་སྐད་ཡིག་ཡིན།  རྒྱུ་མཚན་དེར་བརྟེན།  མི་རིགས་དེའི་སྐད་ཡིག་བོར་བ་ནི་མི་རིགས་དེའི་རིག་གནས་བོར་བ་ཡིན་ལ། རིག་གནས་བོར་བ་ནིབསམ་བློ་བོར་བ་ཡིན། མི་རིགས་དེའི་བསམ་བློ་བོར་ཟིན་པའི་སྐྱེ་བོ་ནི་མི་རིགས་དེའི་གྲས་ནས་བུད་ཟིན་པར་ངོས་འཛིན་བྱ་དགོས། 

སྐྱེ་བོ་མང་པོ་ཞིག་གིས་སོ་སོའི་སྐད་ཡིག་མ་བརླག་ན་གཞན་གྱི་སྐད་ཡིག་བརླག་ཀྱང་ཁྱད་པར་མེད་སྙམ་གྱི་འདུ་ཤེས་འཛིན་གྱི་ཡོད། དེ་ནོར་འཁྲུལ་ཅན་གྱི་བསམ་བློ་ཞིག་སྟེ།  ཁ་དོག་སྣ་ཚོགས་ལྡན་པའི་མེ་ཏོག་ལྡུམ་ར་དེ་ནི་ཁ་དོག་གཅིག་ལས་མེད་པའི་མེ་ཏོག་ལྡུམ་ར་ལས་ཆེས་ཤིན་ཏུ་མཛེས་པ་ལྟར།  སྐད་ཡིག་མི་འདྲ་བ་ཅི་ཙམ་མང་བ་དེ་ཙམ་གྱིས་འཛམ་གླིང་འདི་ཁ་དོག་སྣ་ཚོགས་ལྡན་པའི་མེ་ཏོག་ལྡུམ་ར་ཞིག་དང་ཆ་འདྲ་བར་བསམ་བློའི་དཔལ་ཡོན་འཚོལ་སའི་རིག་མཛོད་ཆེན་པོ་ཞིག་ཏུ་འགྱུར་འགྲོ་ལ།  ཚན་རིག་པས་ཀྱང་སྐད་རིགས་མི་འདྲ་བ་ཅི་ཙམ་མང་བ་ཤེས་པ་དེ་ཙམ་གྱིས་ཀླད་པའི་ནུས་པ་གོང་མཐོར་འགྲོ་བཞིན་ཡོད་པ་དང།  ཀླད་པའི་ནུས་སྟོབས་ཅི་ཙམ་ཆེ་བ་དེ་ཙམ་གྱིས་འཆར་གཞི་སྒྲིག་པ་དང།  དཀའ་ངལ་སེལ་བ།  སྒོམ་རྒྱག་པ་སོགས་ལ་ནུས་པ་ཆེན་པོ་འཐོན་གྱི་ཡོད་ཚུལ་བཤད་ཡོད།   རྒྱུ་མཚན་དེར་བརྟེན།  མི་རིགས་བྱེ་བྲག་པ་ཞིག་གི་སྐད་ཡིག་ཉམས་རྒུད་ཀྱང་འཛམ་གླིང་མི་མང་ཡོངས་རྫོགས་ཀྱི་གྱོང་གུན་ཡིན། 

སྐད་ཡིག་སྲུང་སྐྱོབ་བྱེད་ཐབས།

༡༽ མི་རིགས་གང་དེའི་གཞོན་སྐྱེས་རྣམས་ལ་སྐུལ་མ་གཏོང་བའམ་སེམས་ཤུགས་སྤེལ་ཏེ་སོ་སོའི་ཕ་སྐད་བསླབ་དགོས། དེ་ལྟར་བྱུང་ན་མི་རབས་དེས་མི་རབས་རྗེས་མ་རྣམས་ལ་ལུགས་སྲོལ་བཟང་པོ་དེ་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་རྒྱུན་འཁྱོངས་བྱེད་སྲིད།  

༢༽དུས་རབས་ཉེར་གཅིག་པ་ནི་བརྡ་འཕྲིན་གྱི་དུས་རབས་ཤིག་ཡིན་པས་དུས་རབས་འདིར་སྐད་ཡིག་ཅིག་འཚོ་གནས་ཐུབ་པར་བྱེད་པ་ལ།  སྐད་ཡིག་དེ་ཅིས་ཀྱང་དྲ་རྒྱ་དང་གློག་ཀླད་རྣམས་སུ་བཀོལ་སྤྱོད་ཡོད་པ་བཟོ་དགོས་པ་མ་ཟད།  བརྡ་འཕྲིན་དང་འབྲེལ་བའི་གསར་འགྱུར་དང་། གློག་བརྙན།  རླུང་འཕྲིན་སོགས་སུ་བེད་སྤྱོད་ལྡན་པ་ཞིག་བཟོ་དགོས། འདི་ནི་སྐད་ཡིག་སྲུང་སྐྱོབ་བྱེད་པར་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེན་ཞིག་རེད།  

དེང་དུས་འཛམ་གླིང་གི་གློག་ཀླད་ཚན་རིག་པ་རྣམས་ཀྱིས་སྡོམ་རྩིས་བཀོད་པར་གཞིགས་ན།  འཛམ་གླིང་སྐད་ཡིག་གི་བརྒྱ་ཆ་ ༡༠ ཙམ་མ་གཏོགས་དྲ་ཐོག་ཏུ་བཀོལ་སྤྱོད་བྱེད་ཐུབ་ཀྱི་མེད་ལ།  འཛམ་གླིང་དྲ་ཐོག་བཟོ་ལས་ཁང་སྐད་གྲགས་ཆེ་ཤོས་དགོས་རྒུ་ནང་(Google)་སྐད་ཡིག་མི་འདྲ་བ་༣༦(འདིའི་ནང་བོད་ཡིག་ཚུད་མེད།) གི་གདམས་ཁ་ཡོད་ཀྱང་དེའི་ནང་ནས་ ༢༨  ཡོ་རོབ་གླིང་གི་སྐད་ཡིག་ཡིན་པ་རེད། དེར་བརྟེན། དྲ་ཐོག་ཏུ་འཁོད་ཟིན་པའི་སྐད་ཡིག་རྣམས་ཀྱིས་འཛམ་གླིང་གི་གདོད་མའི་སྐད་ཡིག་མང་དག་ཅིག་གི་གོ་ས་འཕྲོག་གི་ཡོད་ལ།   དྲ་ཐོག་ཏུ་བཀོལ་སྤྱོད་ལྡན་པའི་སྐད་ཡིག་གི་ནང་ནས་ཀྱང་དབྱིན་ཡིག་ནི་ནུས་པ་ཆེ་ཤོས་དེ་ཡིན། དེ་ཡང་རྒྱལ་སྤྱིའི་དྲ་རྒྱ་མཁོ་འདོན་པ་གྲགས་ཅན་ཝར་རི་སིིན (VeriSign)ཟེར་བའི་ཚོགས་པ་དེས་ཚོད་དཔག་གི་སྡོམ་རྩིས་བཀོད་པར་གཞིགས་ན། འཛམ་གླིང་དྲ་རྒྱའི་བརྒྱུད་ལམ་ཁག་གི་སྐད་ཡིག་གི་བརྒྱ་ཆ་༦༥ ནས་༧༠ བར་དབྱིན་ཇིས་ཟིན་ཡོད་པ་རེད་འདུག  

༣༽ གཞུང་ངམ་སྒྲིག་འཛུགས་གང་རུང་གི་ངོས་ནས་ཁྲིམས་སྲོལ་གཏན་འབེབ་ཀྱིས། ཁྲིམས་སྲོལ་དེ་དང་འགལ་ན་སྤྱི་སྒེར་གང་ཡིན་ཡང་ཉེས་ཆད་གཅད་རྒྱུའི་ཐབས་ལམ་གཏན་འབེབ་ཐུབ་ཚེ། སྐད་ཡིག་སྲུང་སྐྱོབ་ལ་ཕན་པ་ཆེན་པོ་ཡོང་གི་ཡོད།  དཔེར་ན་ཕ་རན་སི་(France )ལྟ་བུ་ལ་མཚོན་ན་རྒྱལ་ཁབ་དབུས་གཞུང་གིས་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་སྲོལ་གཏན་འབེབ་གནང་ཡོད།    

༤༽ སྤྱིར་འཛམ་གླིང་འདིར་རྒྱལ་སྤྱིའི་སྐད་ཡིག་སྲུང་སྐྱོབ་ཚོགས་པ་ཇི་སྙེད་ཅིག་མཆིས་པ་ཚང་མས་ཉམས་རྒུད་དུ་འགྲོ་བཞིན་པའི་སྐད་ཡིག་རྣམས་སྲུང་སྐྱོབ་བྱེད་པར་ནུས་པ་འདོན་བཞིན་ཡོད་ཀྱང་།  སྐད་ཡིག་བྱེ་བྲག་པ་རེ་རེ་ལ་རྩ་འཛིན་ལྡན་པའི་སྲུང་སྐྱོབ་ཚོགས་པ་རེ་རེ་མཁོ་གལ་ཆེ་ཞིང་།  དེ་ལྟར་བྱུང་ན་ཚོགས་པ་དེའི་བརྒྱུད་ནས་མི་མང་ལ་སྐད་ཡིག་གི་གོ་རྟོགས་སྤེལ་བ་སོགས་ཀྱིས་མཚོན་སྐབས་དང་དུས་ལ་དཔག་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་གང་མང་སྤེལ་ཆོག                                          

མཇུག་གཏམ།

བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་དང། བོད་ཀྱི་རྣམ་ཤེས།  བོད་ཀྱི་རིག་གཞུང་།  བོད་ཀྱི་སྤྱི་ཚོགས།  བོད་ཀྱི་གོམས་སྲོལ་ཚང་མའི་ངོ་བོ་ཡིན་པས།   བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་སོང་ན་བོད་མི་རིགས་ཟེར་བའང་མིང་གི་ལྷག་མ་ཙམ་དུ་འགྱུར་ངེས། དེས་བོད་པ་ཞིག་ལ་མཚོན་ན་བོད་ཀྱི་སྐད་ཡིག་ནི་རང་གི་གཅེས་པའི་སྲོག་ལས་ཀྱང་གལ་ཆེ་བ་ཡིན་ནོ། 

དཔྱད་གཞི་རྒྱུ་ཆའི་འབྲེལ་ཐག་ཁག

https://en.wikipedia.org/wiki/Language_preservation

http://www.huffingtonpost.com/michael-zimmerman/the-importance-of-preserv_b_12088728.html

https://en.wikipedia.org/wiki/Aboriginal_Tasmanians

https://www.linguisticsociety.org/content/endangered-languages

http://www.smithsonianmag.com/innovation/how-to-save-a-dying-language-4143017/

https://www.linguisticsociety.org/sites/default/files/Endangered_Languages.pdf

https://www.theguardian.com/news/datablog/2011/apr/15/language-extinct-endangered

http://jan.ucc.nau.edu/~jar/ILAC/ILAC_2.pdf

[1] ཆེད་ལས་མཁས་པ་ལ་ལས་ཕྱི་ལོ་༢༠༥༠ ཡས་མས་སུ་འཛམ་གླིང་གི་སྐད་ཡིག་ཕྱེད་ཀ་ཉམས་རྒུད་དུ་འགྲོ་རྒྱུ་ཡིན་པའི་ཚོད་པ་གནང་གི་ཡོད། 

[2] ཞིབ་འཇུག་པ་གཞན་དག་གིས་ཉེན་ཁར་ལྷུང་བའི་སྐད་ཡིག་གི་གྲངས་འབོར་ ༣༠༥༤ནས་༣༡༧༨རྩི་མཁན་ཡང་ཡོད་ཅིང་།  དེ་ལྟར་བརྩིས་ན་འཛམ་གླིང་སྐད་ཡིག་གི་བརྒྱ་ཆ་༤༣ནས་༤༦ ཙམ་ཞིག་ཉེན་ཁར་ལྷུང་ཟིན་པའི་སྐད་ཡིག་ཆགས་ཀྱི་ཡོད།  

1 COMMENT

  1. སྐད་ཡིག་གལ་ཆེ་ཡིན་སྐོར་རང་གི་སེམས་འཚོར་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཆེད་ལས་མཁས་པའི་གསུང་ལུང་འདྲེན་གྱི་སྐད་ཡིག་གལ་ཆེའི་རང་བཞིན་གི་རྩོམ་ཡིག་མང་ཙམ་སྤེལ་ཐུབ་ན་ཆེ་ཆུང་ལ་མ་ལྟོས་པའི་ཕན་རླབས་ཞིག་ཡོད་ངེས་པས་གང་ཐུབ་སྤེལ་རོག་གནང་། ཐུགས་རྗེ་ཆེ། །