སེང་གྷ་པུར་གྱིས་འཛམ་གླིང་ཚོང་ལས་ཆིངས་ཡིག་གྲོས་མོལ་ཆེ་ཤོས་འདུ་འཆར། ཨ་རི་ཚུད་མེད་ཟེར།

0
805
ཆིངས་ཡིག་འདུ་འཛོམས་དེའི་མིང་ལ་ས་གནས་དཔལ་འབྱོར་གོང་སྤེལ་མཉམ་ལས་(RCEF)ཞེས་བརྗོད། #World's biggest trade deal likely in November.

སེང་གྷ་པུར། སྤྱི་2018ཟླ་9ཚེས་3ཉིན། ད་ལྟ་ཆུ་ཚོད་འགའི་སྔོན་དུ་རྒྱ་གར་དཔལ་འབྱོར་མྱུར་འཕྲིན་གསར་ཁང་(Financial Express)ལ་སོགས་པས་གནས་ཚུལ་སྤེལ་གསལ་ལྟར་ན། ཁས་ཉིན་རེས་གཟའ་སྤེན་པའི་ཉིན་སེང་གྷ་པུར་ཚོང་དོན་བློན་ཆེན་ཆྰན་ཆུན་སིང་(Chan Chun Sing)གིས་གསལ་བསྒྲགས་སྤེལ་དོན། འབྱུང་འགྱུར་སྤྱི་ཟླ་11ནང་སེང་གྷ་པུར་གྲོང་ཁྱེར་སྲིད་གཞུང་ས་གནས་སུ་འདུ་འཆར་ཡོད་པའི་འཛམ་གླིང་ཚོང་དོན་ཆིངས་ཡིག་གྲོས་མོལ་ཆེས་ཆེ་ཤོས་དེའི་ཐོག་འབྲེལ་ཡོད་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་འདུ་འཛོམས་ཐུབ་པ་བྱ་དགོས་ཞེས་བརྗོད་འདུག ཆིངས་ཡིག་དེ་ནི་ལོ་ངོ་དྲུག་སྔོན་ནས་བགྲོ་གླེང་འབྱུང་བཞིན་པར་བརྗོད་ཅིང་། ད་ལྟའི་ཆར་ཆིངས་ཡིག་འདུ་འཛོམས་དེའི་ཐོག་འཛམ་གླིང་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ཨ་རི་ཚུད་ཀྱི་མེད་པར་གསལ།

ཆིངས་ཡིག་འདུ་འཛོམས་དེའི་མིང་ལ་ས་གནས་དཔལ་འབྱོར་གོང་སྤེལ་མཉམ་ལས་(RCEF)ཞེས་བརྗོད་པ་དང་། འདུ་འཛོམས་དེའི་ནང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལྷན་ཚོགས་ཀྱི་(ASEAN)ཚོགས་མི་ཨོ་སི་ཁྲུ་ལི་ཡ་དང་། རྒྱ་གར། ཉི་ཧོང་། ལྷོ་ཀོ་རི་ཡ། ནེའུ་ཛེ་ལན་ཌི། འཛམ་གླིང་དཔལ་འབྱོར་སྟོབས་ཆེན་གཉིས་པ་རྒྱ་ནག་སོགས་ཁྱོན་ཚོགས་མི་རྒྱལ་ཁབ་བཅུ་ཡོད་འདུག

སེང་གྷ་པུར་ཚོང་དོན་བློན་ཆེན་ཆྰན་ཆུན་སིང་།#Singapore’s trade minister Chan Chun Sing. Reuters

ཆིངས་ཡིག་འདུ་འཛོམས་དེའི་ནང་ཨ་རི་ཚུད་མེད་དོན་ནི་སྐུ་ཞབས་ཀྲམ་ཧྥི་སྲིད་འཛིན་ལ་ལངས་རྗེས་ཞི་བདེ་རྒྱ་མཚོའི་ཚོང་དོན་མཉམ་ལས་(TPP)ལས་ཨ་རི་ཕྱིར་འཐེན་བྱས་པ་དང་། ཕྱོགས་གཞན་ནས་ད་ལྟ་ཨ་རྒྱ་གཉིས་ཀྱི་ཚོང་དོན་དམག་འཁྲུག་འགྲོ་མུས་ཡིན་པའི་རྒྱུ་མཚན་བགྲང་བཞིན་འདུག དེ་བཞིན་བདུན་སྔོན་མའི་རེས་གཟའ་པ་སངས་ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས་ཀྱང་འགྲེལ་བརྗོད་བྱ་རྒྱུར། སྤྱི་ཟླ་11ནང་གི་ཚོང་དོན་ཆིངས་ཡིག་འདུ་འཛོམས་དེར་སྲིད་འཛིན་ཀྲམ་ཧྥི་ཞུགས་འཆར་མེད་ཅེས་བརྗོད་འདུག

ཚོང་ལས་ཆིངས་ཡིག་འདུ་འཛོམས་དེའི་ཐད་སེང་གྷ་པུར་ཚོང་དོན་བློན་ཆེན་སྐུ་ཞབས་ཆྰན་ཆུན་སིང་གིས་འགྲེལ་བརྗོད་བྱས་དོན།“འདི་ལོའི་ལོ་མཇུག་ཏུ་ཚོགས་མི་རྣམས་འཛོམས་ནས་ཡུན་རིང་འཆར་གཞི་བསྒྲིགས་པའི་འདུན་པ་ཆེན་པོ་དེ་ཉིད་ལེགས་གྲུབ་ཡོང་བ་བྱ་རྒྱུ་ཡིན། ང་ཚོས་གཞི་རྒྱ་ཆེ་བའི་གྲོས་མཐུན་དེ་དང་། ཕུགས་བསམ་དེ་ཉིད་མངོན་འགྱུར་ཡོང་བར་སྒུག་བཞིན་ཡོད། འོན་ཀྱང་། གྲོས་མཐུན་ས་རྟགས་འགོད་རྒྱུའི་དུས་ཆད་མཐའ་མ་དེ་ཉིད་ད་ལྟ་ཐག་ཆོད་བྱུང་མེད། དེ་ནི་ང་ཚོའི་གྲོས་མོལ་གྱི་ཐིགས་ཚད་ངེས་ཅན་བརྒལ་རྗེས་གཞི་ནས་གྲོས་མཐུན་ས་རྟགས་འགོད་རྒྱུ་སོགས་ཀྱི་དུས་ཚོད་འཆར་འགོད་ཐུབ་རྒྱུ་རེད།”ཅེས་བརྗོད་སོང་།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།