སེ་རི་ཡའི་རྒྱལ་སར་འཕུར་མདའི་དྲག་ཆར། ཨ་ཧྥ་དབྱིན་གསུམ་མཉམ་འབྲེལ།

0
2450
དེ་རིང་རེས་གཟའ་སྤེན་པའི་ཉིན་སེ་རི་ཡའི་རྒྱལ་ས་རྡ་མ་སི་ཁོ་སིར་(damascus)ཨ་རི་དང་ཧྥ་རན་སི། དབྱིན་ཡུལ་བཅས་མཐུན་ཕྱོགས་རྒྱལ་ཁབ་གསུམ་གྱིས་ཁྱོན་མེ་ཤུགས་འཕུར་མདའ་བརྒྱ་ལྷག་གིས་དྲག་པོའི་རྒོལ་བརྡུང་བཏང་བའི་གནས་ཚུལ་ཐོན་འདུག #President Donald Trump declared "mission accomplished" in Friday night's strike on three Syria targets and argued that it "could not have had a better result."

དབྱིན་ཡུལ། ལོན་ཊོན། སྤྱི་ལོ་2018ཟླ་4ཚེས་14ཉིན། ད་ལྟ་རྒྱལ་སྤྱིའི་བྷི་བྷི་སི་BBCགསར་ཁང་སོགས་ཀྱིས་མུ་འབྲེལ་གནས་ཚུལ་ཐད་སྟོན་བྱེད་བཞིན་པ་ནི། དེ་རིང་རེས་གཟའ་སྤེན་པའི་ཉིན་སེ་རི་ཡའི་རྒྱལ་ས་རྡ་མ་སི་ཁོ་སིར་(Damascus)ཨ་རི་དང་ཧྥ་རན་སི། དབྱིན་ཡུལ་བཅས་མཐུན་ཕྱོགས་རྒྱལ་ཁབ་གསུམ་གྱིས་ཁྱོན་མེ་ཤུགས་འཕུར་མདའ་བརྒྱ་ལྷག་གིས་དྲག་པོའི་རྒོལ་བརྡུང་བཏང་བའི་གནས་ཚུལ་ཐོན་འདུག  དེ་རིང་གི་དྲག་པོའི་རྒོལ་བརྡུང་དེ་ནི་ད་བར་སེ་རི་ཡའི་གཞུང་འཛིན་པ་ཨ་ས་ཏིའི་(Bashar al-Assad)སྲིད་གཞུང་ལ་ཕོག་པའི་ཕྱིའི་དམག་དཔུང་གི་རྒོལ་བརྡུང་ཆེས་ཚབས་ཆེ་ཤོས་དེ་ཉིད་ཆགས་ཀྱི་ཡོད་པ་དང་། སེ་རི་ཡའི་མཐུན་ཕྱོགས་ཨི་རན་དང་ཨུ་རུ་སུ་སོགས་ཀྱིས་ཨ་ཧྥ་དབྱིན་གསུམ་ནི་ལག་དམར་བ་དང་རྒྱལ་སྤྱིའི་ཁྲིམས་སྲོལ་ལ་ནམ་ཡང་བརྩི་སྲུང་མ་བྱེད་མཁན་གྱི་རྒྱལ་ཁབ་ཤ་སྟག་ཡིན་སྐོར་བརྗོད་བཞིན་འདུག

སྤྱིར་ཁས་ཉིན་ཨུ་རུ་སུའི་གཞུང་ཕྱོགས་ནས་ཨ་རིའི་དྲག་པོའི་རྒོལ་བརྡུང་གི་འཆར་གཞི་དེར་ལན་འདེབས་དང་ཉེན་བརྡ་ཚ་ནན་བཏང་མོད། དེ་རིང་དངོས་སུ་ཨ་རི་གཙོས་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཀྱིས་སེ་རི་ཡའི་རྒྱལ་སར་དྲག་པོའི་དམག་སྟོབས་ཀྱིས་རྒོལ་བརྡུང་གཏོང་སྐབས་དམིགས་བསལ་དམག་དོན་འབྲེལ་ཡོད་ཀྱི་ལན་འདེབས་ཅི་ཡང་བྱས་མེད་པའི་གནས་ཚུལ་མཆིས། ཕྱོགས་གཞན་ནས་ད་ལྟ་ཆུ་ཚོད་འགའི་སྔོན་དུ་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་བརྒྱུད་གསལ་བསྒྲགས་སྤེལ་དོན།“ད་ལན་གྱི་དྲག་རྒོལ་དེ་ཉིད་ཧ་ཅང་ཡག་པོ་བྱུང་སོང་། ཧྥ་དབྱིན་གཉིས་ཀྱི་ཤེས་རབ་དང་གོ་མཚོན་སྤུས་ལེགས་དག་གི་ནུས་ཤུགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ལས་ལྷག་པའི་གྲུབ་འབྲས་འདོད་བློ་ཁེངས་པ་ཞིག་འཐོབ་རྒྱུ་མེད། ལས་དོན་ལེགས་གྲུབ་བྱུང་སོང་།”ཞེས་བརྗོད་འདུག

མེ་ཤུགས་འཕུར་མདའི་དྲག་རྒོལ་ཁྲོད་འཐོར་ཞིག་ཕྱིན་པའི་གྱང་རོ་ཁག# had launched strikes on Syria following a week of threats of retaliation for an alleged chemical weapons attack on civilians by the Assad regime.

ཨ་ཧྥ་དབྱིན་གསུམ་གྱིས་དེ་རིང་དྲག་རྒོལ་སྤེལ་ཡུལ་ས་གནས་ཁག་གི་གནད་དོན་ཐད་ཕྱིས་ནས་འགྲེལ་བཤད་གཙང་སེལ་བྱས་དོན།“ང་ཚོས་འཕུར་མདའི་དྲག་རྒོལ་སྤེལ་ཡུལ་གྱི་དམིགས་འབེན་ཁག་གསུམ་གཙོ་བཟུང་བྱས་ཡོད། དེ་ནི་ཨ་ས་ཏིའི་གཞུང་གི་རྫས་འགྱུར་འབར་རྫས་བཟོ་གྲྭ་དང་། རྫས་འགྱུར་འབར་རྫས་ལས་གཞི་དང་འབྲེལ་ཡོད་ས་གནས་ཁག་ཆགས་ཀྱི་ཡོད། དྲག་རྒོལ་ཁྲོད་མཁའ་དམག་གིས་མཁའ་ནས་འཕངས་པའི་རྒྱང་སྐྱོད་འཕུར་མདའ་དང་། རྒྱང་ཐག་སྤྱི་ལེ་2000kmཙམ་དུ་ཡོད་པའི་མཚོ་དབུས་ཁུལ་ནས་རྒྱང་སྐྱོད་འཕུར་མདས་དྲག་རྒོལ་སྤེལ་ཡོད། དེ་རིང་གི་རྒོལ་བརྡུང་དེ་ནི་ཟླ་འདིའི་ཚེས་7ཉིན་ཨ་ས་ཏིའི་གཞུང་གིས་གྷོའུ་ཏ་(Ghouta)གྲོང་བརྡལ་དུ་ཉེས་མེད་མི་སེར་ཐོག་རྫས་འགྱུར་འབར་རྫས་གཡུགས་པའི་ཡ་ལན་ཡིན།”ཞེས་བརྗོད་འདུག གསར་ལམ་ཁག་ནས་བརྗོད་གསལ་ལྟར་ན་སེ་རི་ཡའི་གཞུང་གི་གོ་མཚོན་བཟོ་སྐྲུན་ཞིབ་འཇུག་ཁང་ཡང་དྲག་རྒོལ་དེ་ཉིད་ཀྱི་དམིགས་འབེན་དེའི་འོག་ཏུ་ཚུད་ཡོད་པར་བརྗོད་བཞིན་འདུག

གཏམ་བཟང་ཞིག་ནི་དེ་རིང་གི་དྲག་རྒོལ་དེའི་ཁྲོད་མི་ཤིའི་དོན་རྐྱེན་ཅི་ཡང་བྱུང་མེད་ཚུལ་བརྗོད་བཞིན་འདུག་ཅིང་། དྲག་རྒོལ་དེ་དག་མ་སྤེལ་སྔོན་དུ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་གཉིས་པོས་ཞིབ་འཇུག་ནན་ཏན་བྱས་ཟིན་ཚུལ་གླེང་བཞིན་གདའ། མ་ཟད། ཨ་རི་དང་དབྱིན་ཡུལ་ཧྥ་རན་སི་བཅས་ཀྱིས་དེ་རིང་གི་དྲག་རྒོལ་དེ་ནི་ཨ་ས་ཏིའི་སྲིད་གཞུང་ལ་དགོས་ངེས་ཅན་གྱི་གནས་སྟངས་སུ་གྱུར་ཡོད་པ་དང་། དྲག་རྒོལ་དེ་བཞིན་འཛམ་གླིང་ཞི་བདེ་ཡོང་བ་བྱ་རྒྱུའི་རྒྱུ་གཙོ་གནད་ཅན་ཞིག་ཏུ་གྱུར་ཡོད་སྐོར་འགྲེལ་བརྗོད་བྱེད་བཞིན་འདུག ད་དུང་། དྲག་རྒོལ་དེས་སེ་རི་ཡའི་གཞུང་གིས་ཉེས་མེད་མི་སེར་གྱི་ཐོག་ཏུ་སྤེལ་བའི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དག་གི་དགྲ་ཤ་བླངས་བ་ཡིན་སྐོར་གླེང་།

སེ་རི་ཡའི་རྒྱལ་སའི་མཐའ་ནས་བླངས་པའི་པར་རིས། ཨ་ཧྥ་དབྱིན་གསུམ་གྱིས་དྲག་རྒོལ་སྤེལ་བཞིན་པའི་སྐབས།#Damascus sky lights up with service to air missile fire as the U.S. launches an attack on Syria targeting different parts of the Syrian capital Damascus, Syria, early Saturday, April 14, 2018.

དེ་རིང་ཨ་རིས་སེ་རི་ཡའི་ཐོག་ཏུ་སྤེལ་བའི་འཕུར་མདའི་དྲག་རྒོལ་དེ་ནི་ཀྲམ་ཧྥི་ཨ་རིའི་སྲིད་འཛིན་ལངས་རྗེས་ཀྱི་དྲག་རྒོལ་ཐེངས་གཉིས་པ་དེ་ཉིད་ཆགས་ཀྱི་ཡོད། དེ་ཡང་ན་ནིང་སྤྱི་ཟླ་4ཚེས་7ཉིན་ཁྱོན་འཕུར་མདའ་59དྲག་རྒོལ་སྤེལ་ཡོད་པ་དང་། དེ་རིང་ཁྱོན་འཕུར་མདའ་100ལྷག་གིས་དྲག་རྒོལ་སྤེལ་ཡོད་པ་རེད། དབྱིན་ཡུལ་གྱི་སྲིད་བློན་ལྕམ་སྐུ་ཊེ་རི་ས་(Theresa May)ཡིས་རྒྱལ་སྤྱིའི་གསར་ལམ་ཁག་ལ་འགྲེལ་བརྗོད་བྱས་དོན།“དེ་རིང་གི་དྲག་རྒོལ་དེ་ཉིད་ཁྱེད་ཅག་ཧ་ལས་རྒྱུའི་གནས་ཚུལ་དུ་གྱུར་དོན་མེད། ལོ་རྒྱུས་ཁྲོད་སེ་རི་ཡའི་གཞུང་གིས་མི་སེར་ཐོག་རྫས་འགྱུར་འབར་རྫས་བེད་སྤྱོད་བྱེད་འགོ་ཚུགས་ཏེ་ཡུན་རིང་འགོར་ཟིན། དེ་ཡང་རང་ཉིད་ཀྱི་མགོན་མེད་མི་སེར་ཐོག་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་གཏིང་གནག་པའི་ངན་སྤྱོད་སྤེལ་མུས་རེད། ང་ཚོས་སྤེལ་བའི་དྲག་རྒོལ་དེ་ཉིད་སེ་རི་ཡའི་ནང་འཁྲུག་གཞི་རྒྱ་ཆེ་རུ་གཏོང་འདོད་པ་དང་། སེ་རི་ཡའི་དམག་འཁྲུག་ནང་མཉམ་ཞུགས་བྱས་པ་དེ་རིགས་མིན། ང་ཚོས་སེ་རི་ཡའི་གཞུང་གིས་མུ་མཐུད་ངན་སྤྱོད་དེ་རིགས་སྤེལ་ཐབས་མེད་པ་བཟོ་རྩིས་ཡོད། དེ་བཞིན་གཞན་སུས་ཀྱང་རྫས་འགྱུར་འབར་རྫས་སྤྱོད་མཁན་ནུས་ལྡན་བསམས་པ་དག་ལ་བརྡ་ལན་བཏང་ཡོད།”ཅེས་བརྗོད་འདུག

ད་ལན་གྱི་འཕུར་མདའི་དྲག་རྒོལ་དེའི་ཐད་ཨུ་རུ་སུ་དང་སེ་རི་ཡའི་གཞུང་ཕྱོགས་གཉིས་ཀས་སྐྱོན་བརྗོད་ཧ་ཅང་ནན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཞིང་། ཨུ་རུ་སུའི་སྲིད་འཛིན་པུ་ཏིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཛ་དྲག་ཚོགས་འདུ་བསྐོང་རྒྱུའི་རེ་སྐུལ་ཞུས་འདུག་པ་དང་། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་དག་གི་བྱེད་སྟངས་ནི་ཆེས་ཀླ་ཀློ་དང་བརྙས་བཅོས་ཀྱི་རང་བཞིན་ལྡན་པ་ཞིག་རེད་ཅེས་བརྗོད་བཞིན་འདུག ད་དུང་། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཀྱི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཞིང་། བཙན་འཛུལ་གྱི་བྱེད་ལས་ངོ་མ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱེད་བཞིན་པའི་གནས་ཚུལ་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།