སེ་པན་གྱིས་སྲིད་བློན་གནས་དབྱུང་། ཨི་ཊ་ལིས་སྐྱབས་བཅོལ་བ་འབུམ་ལྔ་ཕྱིར་སློག་བྱ་ཟེར།

0
1326
གྲོས་ཚོགས་ཀྱི་ཚོགས་མིས་མང་མོས་འོས་བསྡུའི་འོག་སྲིད་བློན་རྭ་གྷོའི་ལས་དུས་མ་རྫོགས་གོང་ནས་གནས་དབྱུང་བཏང་བའི་གསར་འགྱུར་ཐོན་འདུག#Parliament passes vote of no confidence in ruling People’s party over corruption scandal.

སེ་པན། མེ་ཏྲེ་རི་ཊི། སྤྱི་ལོ་2018ཟླ་6ཚེས་2ཉིན། ད་ལྟ་ཆུ་ཚོད་འགའི་སྔོན་དུ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་ལྟ་སྲུང་བ་(The Guardian)དང་། ཨ་རིའི་ཝ་ཤིང་ཊོན་ཆ་འཕྲིན་གསར་ཁང་(Washington Post)སོགས་ཀྱིས་ཚ་གླེང་གནས་ཚུལ་སྤེལ་བཞིན་པ་ནི། ཁ་སང་རེས་གཟའ་པ་སངས་ཉིན་སེ་པན་(Spain/西班牙)གྱི་གྲོས་ཚོགས་བརྒྱུད་ཡུལ་དེ་གའི་དེང་དུས་དམངས་གཙོའི་འགྲོ་ལུགས་ལྟར། གྲོས་ཚོགས་ཀྱི་ཚོགས་མིས་མང་མོས་འོས་བསྡུའི་འོག་སྲིད་བློན་རྭ་གྷོའི་(Mariano Rojoy)ལས་དུས་མ་རྫོགས་གོང་ནས་གནས་དབྱུང་བཏང་བའི་གསར་འགྱུར་ཐོན་འདུག དེ་ཡང་གྲོས་ཚོགས་ཀྱི་ཚོགས་མི་དུ་མས་སྲིད་བློན་རྭ་གྷོའི་ལྐོག་ཟ་རུལ་སུངས་ཀྱི་ནང་དུ་ཚུད་ཡོད་པར་བརྗོད་ཅིང་། སྲིད་བློན་ལས་ཐོག་ལ་དམངས་ཀྱིས་ཡིད་རྟོན་མི་རུང་བའི་མཚམས་སུ་བསླེབས་ཟིན་པའི་འོས་འཕེན་བྱས་ཡོད་པ་རེད་འདུག

སྲིད་བློན་ཟུར་པར་གྱུར་བའི་སྐུ་ཞབས་རྭ་གྷོའི་ལགས་ནི་བར་ལམ་སེ་པན་ནང་དུ་ཆབ་སྲིད་དབང་སྒྱུར་ཐད་སྙན་པའི་གྲགས་པ་གང་སར་ཁྱབ་མྱོང་མཁན་ཞིག་ཡིན་པ་དང་། ཆབ་སྲིད་འཛིན་སྐྱོང་འཐབ་རྩོད་ཐད་མཁས་པོ་ཡོད་སྐོར་ཡང་གླེང་བཞིན་འདུག་མོད། ད་ལན་གྲོས་ཚོགས་ཀྱི་མང་མོས་འོས་བསྡུའི་ཁྲོད་ནས་ཡིད་རྟོན་མི་རུང་བའི་སྲིད་བློན་དུ་བརྗོད་དེ་གནས་དབྱུང་མ་འགྲོ་ཐབས་མེད་དུ་གྱུར། དེ་དོན་ཁོང་གི་ཚབ་ཏུ་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་སྐུ་ཞབས་པེ་ཌོ་རོ་(Pedro Sanchez)ལགས་སྲིད་བློན་གསར་པར་བསྐོ་བཞག་བྱས་པའི་གནས་ཚུལ་གསལ། སྲིད་བློན་གསར་པ་སྐུ་ཞབས་པེ་ཌོ་རོ་ལགས་ནི་དེ་སྔོན་དཔལ་འབྱོར་རིག་པའི་སློབ་དཔོན་ཡིན་པ་དང་། དེ་རིང་ནས་སེ་པན་སྲིད་བློན་གྱི་ལས་གནས་འཁུར་རྒྱུའི་སྟ་གོན་བྱ་རྒྱུ་ཡིན་པར་གླེང་།

སྲིད་བློན་ཟུར་པ་རྭ་གྷོའི་ཡིས་སྲིད་བློན་གསར་པ་སྐུ་ཞབས་པེ་ཌོ་རོ་ལགས་ལ་དགའ་བསུའི་འཚམས་འདྲི་ཞུ་བཞིན་པ། གཡོན། སྲིད་བློན་གསར་པ་སྐུ་ཞབས་པེ་ཌོ་རོ།#Spain’s new prime minister, Pedro Sánchez, left, shakes hands with Mariano Rajoy after the vote of no confidence. Photograph: Pierre-Philippe Marcou/AFP/Getty Images

སྲིད་བློན་རྭ་གྷོའི་ཡིས་ཁྱོན་མི་ལོ་བདུན་རིང་སེ་པན་གྱི་སྲིད་བློན་ལས་གནས་འཁུར་བ་དང་། དུས་ཡུན་དེ་དག་རིང་སེ་པན་གྱི་རྩོད་རྙོག་ཆེ་བའི་ཆབ་སྲིད་གནད་དོན་དུ་མ་ཞིག་ལ་ཁ་གཏད་བསྟུད་མར་བཅག་དགོས་བྱུང་ཡོད། ཐེངས་འདིའི་གྲོས་ཚོགས་ཀྱི་གནས་དབྱུང་འོས་བསྡུ་དེ་ཉིད་འགོ་འཛུགས་མ་བྱས་སྔོན་དུ་སྲིད་བློན་ཟུར་པ་ཁོང་གིས་གྲོགས་ཚོགས་ར་བར་བརྗོད་དོན།“འདས་པའི་ལོ་ངོ་དག་གི་རིང་སེ་པན་གྱི་སྲིད་བློན་བྱ་རྒྱུ་བྱུང་བ་ནི་དགའ་སྤོབས་སྐྱེ་འོས་པ་ཞིག་རེད། དེ་བཞིན་ད་ལྟའི་ཆར་དེ་སྔ་རང་ཉིད་ཀྱི་ལག་ཏུ་སོན་པའི་སེ་པན་དེ་ལས་ཧ་ཅང་ཡར་རྒྱས་ཕྱིན་པའི་སེ་པན་ཞིག་བསྐྱུར་ནས་འགྲོ་བ་ནི་གཟི་བརྗིད་ཅིག་ཡིན། དེ་མཚུངས་ངའི་ཤུལ་འཛིན་པས་ཀྱང་མ་འོངས་པའི་དུས་ཚོད་འདིའི་ཐོག་སྐད་ཆ་འདི་ཉིད་ཤོད་རྒྱུ་འབྱུང་བ་ཞིག་ཡོང་བར་སྨོན།”ཞེས་བརྗོད་སོང་།

ཕྱོགས་གཞན་ནས་ཨི་ཊ་ལིའི་(Italy/意大利)གཞུང་འཛིན་སྲིད་གཞུང་གཡས་ཕྱོགས་རྒྱལ་གཅེས་ཆབ་སྲིད་ཚོགས་པ་ནས་ཡིན་པའི། ཨི་ཊ་ལིའི་ནང་སྲིད་བློན་ཆེན་མྭ་ཏི་ཡོ་(Matteo Salvini)ཡིས་སྐྱབས་བཅོལ་གནས་སྤོ་བའི་གནས་ཚུལ་དང་འབྲེལ་ནས་ནན་བརྗོད་བྱས་དོན།“ད་ལྟའི་གཞུང་འཛིན་གྱི་གཙོ་གནད་ལས་འགུལ་ནི་ཁྲིམས་མཐུན་མིན་པའི་སྐྱབས་བཅོལ་གནས་སྤོ་བ་རྣམས་རང་ཁྱིམ་དུ་ཕྱིར་སློག་གཏོང་རྒྱུ་དེ་ཉིད་ཡིན།”ཞེས་བརྗོད་འདུག།ཁོང་གི་འདོད་འདུན་ལས་འགུལ་གྱི་འབོད་ཚིག་ཏུ་ཨི་ཊ་ལིའི་ནང་ཡོད་ཁྲིམས་མཐུན་མིན་པའི་སྐྱབས་བཅོལ་གནས་སྤོ་བ་ཁྱོན་མི་གྲངས་འབུམ་ལྔ་(500,000)ཡོད་པ་རྣམས་རིམ་པས་རང་ཡུལ་དུ་ཕྱིར་སློག་གཏོང་རྒྱུར་འབད་འཆར་ཡོད་སྐོར་གསལ་བརྗོད་བྱས་འདུག དེ་ལྟར་ད་ལྟ་ཡུལ་དེ་གའི་སྐྱབས་བཅོལ་གནས་སྤོ་བ་ཁྲིམས་མཐུན་ཡིག་ཆ་མ་རག་པ་རྣམས་བློ་འཚབ་ཆེན་པོ་སྐྱེ་བཞིན་ཡོད་པའི་གནས་ཚུལ་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།