སའོ་རྡི་ཨ་རབ་ཀྱི་རྒྱལ་སྲས་11འཛིན་བཟུང་དང་། ལྐོག་ཟའི་དམག་འཁྲུག་ཆེན་མོ།

0
1486
ད་ལྟའི་སའོ་རྡི་ཨ་རབ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་ཆེན་པོ་སལ་མན།#The Crown Prince of Saudi Arabia is the second most important position in Saudi Arabia,Crown Prince Mohammad bin Salman Al Saud - 2017.

སའོ་རྡི་ཨ་རབ་བྷི་ཡ། རི་ཡཱ་རྡི། སྤྱི་ལོ་2017ཟླ་11ཚེས་6ཉིན། ད་སྐབས་རྒྱལ་སྤྱིའི་བྷི་བྷི་སི་BBCགསར་ཁང་ལ་སོགས་པས་ཚ་གླེང་གནས་ཚུལ་སྤེལ་བཞིན་པ་ཞིག་ནི། ཉིན་ཤས་ནང་སའོ་རྡི་ཨ་རབ་བྷི་ཡའི་(Saudi Arabia)དབང་འཛིན་རྒྱལ་སྲས་ཆེན་པོའི་བཀའ་བཀོད་འོག་རྒྱལ་ཁབ་དེ་གའི་མཐོ་རིམ་མི་ཆེན་ཁག་ནས་འགོ་བརྩམས་ཏེ་ལྐོག་ཟ་དང་རུལ་སུངས་རྩ་མེད་གཏོང་རྒྱུའི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་འདུག་ཅིང་། དོན་རྐྱེན་དེའི་འོག་དེ་རིང་བར་སའོ་རྡི་ཨ་རབ་བྷི་ཡའི་རྒྱལ་སྲས་11འཛིན་བཟུང་བྱས་ཟིན་པའི་གནས་ཚུལ་ཐོན་བཞིན་འདུག

འཛིན་བཟུང་བྱས་པའི་རྒྱལ་སྲས་དེ་དག་གི་ནང་དུ་འཛམ་གླིང་ནང་གྲགས་ཆེ་ཤོས་ཀྱི་ཕྱུག་བདག་གཙོ་གྲས་སའོ་རྡི་ཨ་རབ་བྷི་ཡའི་རྒྱལ་སྲས་ཨཱལ་-ཝ་ལིརྡི་(Alwaleed bin Talal)ཡང་ཚུད་ཀྱི་ཡོད་འདུག དེ་ལྟར་རྒྱལ་སྲས་དེ་ཉིད་ལྐོག་ཟའི་དོན་རྐྱེན་འོག་འཛིན་བཟུང་བྱས་པ་དེས་རྒྱལ་སྤྱིའི་ནང་གི་མ་འཇོག་པ་ཧ་ཅང་མང་པོ་ཞིག་ཧད་དེ་ལུས་རྒྱུའི་གནས་སྟངས་སུ་བསྐྱལ་ཡོད་སྐོར་བརྗོད། རྒྱལ་སྲས་དེ་ཉིད་ནི་ད་ལྟའི་ཆར་འཛམ་གླིང་ནང་གི་མི་ཕྱུགས་ཤོས་ཤིག་ཡིན་པ་རེད་འདུག།

འཛམ་གླིང་ནང་གྲགས་ཆེ་ཤོས་ཀྱི་ཕྱུག་བདག་གཙོ་གྲས་སའོ་རྡི་ཨ་རབ་བྷི་ཡའི་རྒྱལ་སྲས་ཨཱལ་-ཝ་ལིརྡི།#Saudi billionaire Alwaleed’s arrest rattles investors.

དེ་ཡང་རྒྱལ་སྲས་དེ་ཉིད་ལ་རྒྱལ་སྤྱིའི་ཚོང་ཚོགས་ཆེ་གྲས་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་(Twitter)དང་། ཀུ་ཤུ་ཚོང་ཚོགས། ཨ་རིའི་མ་འཇོག་དངུལ་ཁང་གྲགས་ཅན་སི་ཊི་ཚོགས་པ་(Citigroup)། རྒྱལ་སྤྱིར་ཁྱབ་པའི་གློག་བརྙན་བཟོ་སྐྲུན་ཚོང་ཚོགས་གྲགས་ཅན་དུས་རབས་ཉེར་གཅིག་པའི་ཝ་མོ་(Twenty-First Century Fox)ལ་སོགས་པའི་ནང་དུ་མ་རྐང་ཕོན་ཆེན་འཛིན་བཞིན་ཡོད་པར་བརྗོད་བཞིན་འདུག ད་དུང་། ཨ་རབ་ནང་གི་སྤྲོ་སྐྱིད་ཚོང་ཚོགས་ཆེ་ཤོས་དེ་ཉིད་ཀྱི་མ་རྐང་ཕལ་མོ་ཆེ་ཁོང་གིས་འཛིན་བཞིན་ཡོད་འདུག

གློ་བུར་དུ་འཛམ་གླིང་གི་སྣུམ་མཛོད་དུ་གྲགས་པའི་སའོ་རྡི་ཨ་རབ་བྷི་ཡའི་ཡུལ་གྱི་སྟོབས་འབྱོར་ཆེ་བའི་རྒྱལ་སྲས་དེ་དག་འཛིན་བཟུང་བྱས་པས་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཁོར་ཡུག་དུ་མ་ཞིག་ལ་གཡོ་འགུལ་ཤུགས་ཆེན་ཐེབས་བཞིན་ཡོད་སྐོར་གླེང་ཞིང་། རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་དུ་མ་ཞིག་གིས་ད་སྐབས་སའོ་རྡིའི་ཨ་རབ་བྷི་ཡའི་ནང་དུ་དབྱིན་ཇིའི་མུ་འབྲེལ་བརྙན་འཕྲིན་འཁྲབ་ཚན་གྲགས་ཅན་ཁྲི་རྩོད་(Game of Thrones)ཅེས་པ་དེ་ཉིད་མངོན་སུམ་དུ་འབྱུང་བཞིན་ཡོད་སྐོར་གྱི་འདྲ་མཚུངས་འགོད་བཞིན་ཡོད་འདུག

རྒྱལ་སྲས་ཨཱབ་རྡུལ་ཨཱ་ཛི་ཛི་འཛིན་བཟུང་བྱེད་སྐབས་ཚུར་རྒོལ་བྱས་སྟབས་མེ་མདའ་ཕོག་སྟེ་འདས་གྲོངས་སུ་གྱུར་བར་བརྗོད།#Meanwhile, other reports said that Aziz was killed in a gunfight while allegedly resisting arrest.

ཕྱོགས་གཞན་ནས་ཛ་དྲག་པའི་གནས་ཚུལ་གཞན་ཞིག་ཐོན་བཞིན་པ་ནི། ཁས་ཉིན་རེས་གཟའ་ཉི་མའི་འཛིན་བཟུང་བྱས་པར་བརྗོད་པའི་རྒྱལ་སྲས་བཅུ་གཅིག་གི་ནང་ནས་རྒྱལ་སྲས་ཨཱབ་རྡུལ་ཨཱ་ཛི་ཛི་(Abdul Aziz)འདས་གྲོངས་སུ་གྱུར་ཟིན་པའི་གནས་ཚུལ་ཐོན་འདུག འབྲེལ་ཡོད་གནས་ཚུལ་ཐོན་ཁུངས་ཁག་ནས་བརྗོད་དོན་ལྟར་ན། རྒྱལ་སྲས་དེ་ཉིད་གཞུང་ཕྱོགས་ཉེན་རྟོག་པས་འཛིན་བཟུང་བྱེད་པར་བསྐྱོད་སྐབས་ཚུར་རྒོལ་བྱས་སྟབས། ཕྱོགས་གཉིས་ཀྱི་བར་དུ་མེ་མདའ་རྒྱག་རེས་ཐུག་སྟེ་སྐབས་དེར་རང་སྲོག་ཤོར་ཡོད་པའི་གནས་ཚུལ་བྱུང་སྐོར་བརྗོད།

དེ་མཚུངས་ཡུལ་དེ་གའི་རྒྱལ་རྒྱུད་ལམ་ལུགས་ནང་གོ་གནས་མཐོ་གྲས་ཀྱི་རྒྱལ་སྲས་མྭན་སུར་མུག་རིན་(Mansour Bin Muqrin)ཞེས་པ་དེ་ཉིད་ཀྱང་། ཁས་ཉིན་རེས་གཟའ་ཉི་མའི་ཉིན་རྒྱལ་སྲས་གཞན་རྣམས་འཛིན་བཟུང་བྱས་པའི་གནས་ཚུལ་ཁྱབ་རྗེས་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་འོག་འདས་གྲོངས་སུ་གྱུར་ཡོད་འདུག དེ་ལྟར་ན་འདས་པའི་ཆུ་ཚོད་24ནང་སའོ་རྡིའི་ཨ་རབ་བྷི་ཡའི་རྒྱལ་སྲས་མཐོ་གྲས་གཉིས་འདས་གྲོངས་སུ་གྱུར་ཟིན་ཡོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན།

བོད་ཀྱི་དེ་ཕོ་གསར་ཁང་།