ཤི་རི་ལང་ཀའི་ནང་དུ་ནང་པ་དང་ཁ་ཆེ་ཟིང་འཁྲུག ཉིན་བཅུའི་ཛ་དྲག་དྲིལ་བསྒྲགས། ཐད་སྤེལ།

0
1787
ད་ལྟའི་ཆར་ཤི་རི་ལང་ཀའི་ནང་དུ་དམག་མི་འགྲེམས་འཇོག་བྱས་ཏེ་ཁྱོན་ཡོངས་ནས་དམ་དྲག་བྱེད་བཞིན་ཡོད་པ་རེ་འདུག#Sri Lanka declares state of emergency after communal violence.

ཤི་རི་ལང་ཀ ཀོ་ལོམ་བྷོ། སྤྱི་ལོ་2018ཟླ་3ཚེས་6ཉིན། ད་ལྟ་དབྱིན་ཡུལ་གྱི་གྲགས་ཅན་གསར་ཁང་ལྟ་སྲུང་བ་(Guardian)ལ་སོགས་པས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། ད་ལྟའི་ཆར་ཤི་རི་ལང་ཀའི་(Sri Lanka/斯里兰卡)ནང་དུ་ནང་པ་དང་ཁ་ཆེའི་བར་ཟིང་འཁྲུག་ལངས་བཞིན་ཡོད་པ་དང་། དམིགས་བསལ་དབུས་ཀན་ཌེ་(Kandy)རྫོང་ཁུལ་དུ་ནང་པའི་ཕྱོགས་ནས་ཁ་ཆེ་བའི་སྡོད་ཁུལ་ལ་གཏོར་བཅོམ་སོགས་ཀྱི་དྲག་རྒོལ་བྱས་པའི་གནས་ཚུལ་ཐོན་ཞིང་། ཟླ་གོང་མའི་ནང་དུའང་དེ་ཁུལ་ནང་པའི་ཚོགས་པས་ཁ་ཆེ་བའི་སྡོད་ཁུལ་མེར་སྲེག་བཏང་བ་སོགས་ཀྱི་ཆོས་ལུགས་སྡེ་ཁུལ་ཟིང་འཁྲུག་ལངས་པའི་གནས་ཚུལ་ཐོན་སྐོར་བརྗོད།

དེར་བརྟེན་གནས་ཚུལ་དེ་ཉིད་རྒྱ་ཁྱབ་ཤུགས་ཆེན་འགྲོ་ཉེན་ཡོད་སྟབས། དེ་རིང་ཤི་ལི་ལང་ཀའི་གཞུང་གིས་འབྱུང་འགྱུར་ཉིན་གྲངས་བཅུའི་རིང་ཤི་རི་ལང་ཀ་རྒྱལ་ཡོངས་དང་དམིགས་བསལ་རྩོད་རྙོག་བྱུང་ཁུལ་གྱི་ས་གནས་ཁག་ཏུ་གཞུང་འབྲེལ་ཛ་དྲག་གི་གནས་སྟངས་ཡིན་པའི་ཁྱབ་བསྒྲགས་སྤེལ་ཡོད་འདུག དེ་བཞིན་ས་ཁུལ་དེ་དག་ཁྱོན་ཡོངས་ལ་གཞུང་དམག་འགྲེམས་འཇོག་བྱས་ཏེ་གནས་སྟངས་ཁྱོན་ཡོངས་ནས་སྟངས་འཛིན་བྱ་ཐུབ་པ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག

དེ་རིང་ཤི་རི་ལང་ཀའི་གཞུང་གིས་འབྱུང་འགྱུར་ཉིན་གྲངས་བཅུའི་རིང་ཤི་རི་ལང་ཀ་རྒྱལ་ཡོངས་དང་དམིགས་བསལ་རྩོད་རྙོག་བྱུང་ཁུལ་གྱི་ས་གནས་ཁག་ཏུ་གཞུང་འབྲེལ་ཛ་དྲག་གི་གནས་སྟངས་ཡིན་པའི་ཁྱབ་བསྒྲགས་སྤེལ་ཡོད་འདུག ད་དུང་། དམིགས་བསལ་གྱི་གནས་ཚུལ་ཞིག་ནི་ནང་པ་ཚོས་བརྗོད་དོན་དུ་ཁ་ཆེ་བ་ཚོས་ནང་པ་རྣམས་བཙན་གྱིས་ཁ་ཆེར་བསྒྱུར་ཐབས་བྱེད་བཞིན་འདུག་ཅེས་བརྗོད།#Tension has been growing between the two communities in Sri Lanka over the past year, with some Buddhist groups accusing Muslims of forcing people to convert to Islam and vandalising Buddhist archaeological sites.

གསར་ལམ་ཁག་ནས་གནས་ཚུལ་སྤེལ་དོན་ལྟར་ན། ཟིང་འཁྲུག་དེ་ཉིད་ཀྱི་རྒྱུ་རྐྱེན་ཐོག་མ་ནི་སིང་ཧ་ལྭ་(Sinhala)ནང་པའི་སྡེ་ཁུལ་གྱི་སྐྱེས་པ་ཞིག་ཁ་ཆེ་བའི་སྐྱེས་པ་འགས་རུབ་བརྒྱབས་ཏེ་བསད་པར་བརྗོད། དེར་བརྟེན་སིང་ཧ་ལྭ་ས་གནས་ཁུལ་གྱི་མི་འབོར་བརྒྱ་ཆ་75%ནང་པ་ཡིན་པས་ཁོང་ཚོས་ཁ་ཆེ་བའི་ཐོག་ཐད་ཀར་ཕྱིར་རུབ་བརྒྱབས་ཏེ་རྒོལ་ལན་བསློགས་པར་བརྗོད་བཞིན་འདུག མདོར་ན་སྐབས་དེར་ཁ་ཆེ་བའི་ཚོང་ཁང་མེར་སྲེག་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་འདུག

དེ་བཞིན་སྐབས་དེར་ནང་པའི་མཐུན་ཚོགས་ཀྱི་གྲྭ་པ་དུ་མ་ཞིག་ཁ་ཆེ་བ་ཚོའི་གནས་ཁུལ་དུ་ཕྱིན་སྟེ། ནང་པའི་སྐྱེས་པ་དེ་ཉིད་གསོད་མཁན་གྱི་མི་དེ་དག་རྩིས་སྤྲོད་བྱ་རྒྱུའི་གྲོས་འདུན་བཏོན་མོད་ཁོང་ཚོས་གྲོས་འདུན་དེ་ཉིད་བསྒྲུབས་མ་ཐུབ་པས་གྲོང་ཁུལ་གྱི་ཁ་ཆེ་བའི་སྡོད་ཁུལ་སོགས་ལ་མེ་བརྒྱབས་ཤུགས་ཆེ་རུ་བཏང་བའི་གནས་ཚུལ་བྱུང་སྐོར་བརྗོད། ཛ་དྲག་གི་གནས་ཚུལ་དེ་ཉིད་ཐད་ཤི་རི་ལང་ཀའི་སྲིད་བློན་རྭ་ནིལ་(Ranil Wickramsinghe)ལགས་ཀྱིས་འགྲེལ་བརྗོད་བྱས་དོན།“གནས་ཚུལ་དེ་ཉིད་ནི་སྔར་ནས་སྒྲིག་བཀོད་བྱས་པ་ཞིག་དང་། འཆར་གཞི་ལྡན་པའི་ཟིང་འཁྲུག་ཅིག་ཏུ་མངོན་བཞིན་འདུག ང་ཚོས་གཞུང་ཕྱོགས་ནས་གནད་དོན་དེ་ཉིད་ཐད་དྲག་གནོན་སོགས་སྟངས་འཛིན་ནན་པོ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།