ལྷོ་བྱང་ལྷན་འདུས་དམག་སྡེ་འཛུགས་འཆར། ལྷོ་བྱང་ནང་མི་ལྷན་འཛོམས་ཆོག་མཆན། གཏམ་བཟང་།

0
1236
ད་ལན་གྱི་གྲོས་མོལ་དེའི་མཇུག་འབྲས་གཙོ་བོ་ཞིག་ནི་བྱང་ཀོ་རི་ཡས་ཡུལ་དེ་གའི་རྡུལ་མཚོན་ཚོད་ལྟ་བྱ་ཡུལ་གྱི་ས་གནས་གཏན་དུ་སྒོ་རྒྱག་རྒྱུ་དངོས་སུ་ཐག་ཆོད་ཁས་ལེན་བྱས་ཡོད་པ་དེ་ཉིད་རེད་འདུག#North Korea's Kim Jong-un agrees to shut missile site.

བྱང་ཀོ་རི་ཡ། ཧྥོང་ཡན། སྤྱི་ལོ་2018ཟླ་9ཚེས་19ཉིན། ད་ལྟ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་ཁང་ལྟ་སྲུང་བ་(The Guardian)སོགས་ཀྱིས་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་རེས་གཟའ་ལྷག་པའི་ཉིན་ལྷོ་བྱང་ཀོ་རི་ཡའི་ལོ་རྒྱུས་རང་བཞིན་ཅན་གྱི་ཐུག་འཕྲད་དང་གྲོས་མོལ་ལེགས་གྲུབ་བྱུང་བའི་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཡོད། དེ་ཡང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་དང་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷན་བཞུགས་ཐོག་ཐེངས་འདིའི་གྲོས་མོལ་གྱི་མཇུག་འབྲས་ཡོངས་བསྒྲགས་གནང་བའི་གནས་ཚུལ་བརྗོད། ད་ལན་གྱི་གྲོས་མོལ་དེའི་མཇུག་འབྲས་གཙོ་བོ་ཞིག་ནི་བྱང་ཀོ་རི་ཡས་ཡུལ་དེ་གའི་རྡུལ་མཚོན་ཚོད་ལྟ་བྱ་ཡུལ་གྱི་ས་གནས་གཏན་དུ་སྒོ་རྒྱག་རྒྱུ་དངོས་སུ་ཐག་ཆོད་ཁས་ལེན་བྱས་ཡོད་པ་དེ་ཉིད་རེད་འདུག

མུ་མཐུད་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་གྱིས་ཞིབ་ཏུ་འགྲེལ་བརྗོད་བྱས་དོན།“གལ་སྲིད་ཨ་རིའི་ཕྱོགས་ནས་བྱང་ཀོ་རི་ཡའི་བྱེད་སྟངས་ལ་དཔག་པའི་རྣམ་འགྱུར་ལེགས་པོ་འབྱུང་ཚེ། བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་གྲྭ་ཨ་མ་དེ་ཉིད་ཀྱང་སྒོ་རྒྱག་རྒྱུའི་འདུན་པ་གསལ་པོ་འདུག”ཅེས་ནན་བརྗོད་བྱས་འདུག ད་དུང་། དེ་རིང་བྱང་ཀོ་རི་ཡའི་རྒྱལ་ས་ཧྥོང་ཡན་དུ་འཚོགས་པའི་གསར་འགོད་གསལ་བསྒྲགས་དེའི་ཐོག་ཀིམ་དང་མུན་གཉིས་ཀྱིས་ལྷན་དུ་འགྲེལ་བརྗོད་བྱ་རྒྱུར།“ངེད་འགོ་ཁྲིད་གཉིས་ལྷན་གྲོས་བྱུང་བ་ནི་འབྱུང་འགྱུར་ངེད་ཀོ་རི་ཡའི་མཚོ་གླིང་འདི་བཞིན་རྡུལ་མཚོན་གྱི་འཇིགས་པ་རྩ་བ་ནས་མེད་པའི་ཞི་བདེའི་ཞིང་ཁམས་ཞིག་ཏུ་བསྐྲུན་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན།”ཞེས་བརྗོད།

བྱང་ཀོ་རི་ཡའི་རྡུལ་མཚོན་ཚོད་ལྟའི་ས་ཁུལ་ཆེ་ཤོས། སྤྱི་ཟླ་5ནང་གི་པར་རིས། #PUNGGYE-RI NUCLEAR TEST SITE, NORTH KOREA – MAY 7, 2018. Figure 5B. Support buildings at the Main Administrative Area have been taken down. (Photo DigitalGlobe/38 North via Getty Images)

ཀིམ་ཇུང་ཨུན་གྱིས་ཀྱང་ཟུར་དུ་ནན་བཤད་བྱས་དོན།“གང་མགྱོགས་རང་ཉིད་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཝོལ་ལ་བསྐྱོད་རྒྱུའི་འཆར་གཞི་ཡོད། སྤྱིར་འབྱུང་འགྱུར་ང་ཚོའི་མདུན་ཕྱོགས་ཀྱི་ལམ་བུ་ཇེ་འཇམ་དུ་འགྲོ་རྒྱུ་ཡིན་པ་ཙམ་མ་ཟད། ང་ཚོའི་མདུན་ཕྱོགས་སུ་དཀའ་ཚེགས་དང་། ཚོད་ལྟ་སོགས་འདྲ་མིན་ཡོང་ངེས་རེད། ང་ཚོས་དཀའ་ཚེགས་དེ་དག་ལ་གདོང་ལེན་ཇི་ཙམ་བྱས་པ་དེ་ཙམ་གྱིས་ང་ཚོ་སྟོབས་ཤུགས་ཇེ་ཆེར་འགྲོ་གི་རེད།”ཅེས་བརྗོད་འདུག གལ་སྲིད་དངོས་སུ་གང་མགྱོགས་ཀིམ་ཇུང་ཨུན་ལྷོ་ཀོ་རི་ཡའི་རྒྱལ་སར་བསྐྱོད་ཚེ་དེ་ནི་ཀིམ་གྱི་མི་ཚེའི་ནང་གི་ལྷོ་ཀོ་རི་ཡའི་རྒྱལ་སར་སྐྱོད་ཐེངས་ཐོག་མ་དེ་ཉིད་ཆགས་ཀྱི་ཡོད། གཏམ་བཟང་གཞན་ཞིག་ནི་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་མེ་འཁོར་འབྲེལ་མཐུད་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག། སྤྱིར་ས་མཚམས་དེ་བཞིན་ད་ལྟའི་ཆར་འཛམ་གླིང་ནང་གི་དམག་སྲུང་མང་ཤོས་ཀྱི་ས་མཚམས་ཤིག་ཆགས་ཀྱི་ཡོད།

ཉེ་ལམ་སེང་གྷ་པུར་དུ་ཨ་རི་དང་བྱང་ཀོ་རི་ཡའི་བར་དུ་ཞི་གྲོས་གང་འཚམས་བྱུང་ཟིན་མོད། ཨ་རིའི་རེ་བར་མཐའ་གཅིག་ཏུ་བྱང་ཀོ་རི་ཡས་ལམ་སེང་རྒྱབ་སྐྱོར་ངོས་ལེན་བྱ་ཐབས་མེད་པ་ལྟར་ཆགས་ཡོད། འོན་ཀྱང་། ཨ་རིས་བྱང་ཀོ་རི་ཡས་ཁ་བཤད་དོན་འཁྱོལ་གྱི་ལག་བསྟར་དགོས་ཚུལ་བརྗོད་ཅིང་། བྱང་ཀོ་རི་ཡའི་རྡུལ་མཚོན་ཡོངས་སུ་རྩ་མེད་བཟོ་དགོས་སྐོར་ངང་སྒུག་བྱེད་བཞིན་ཡོད། དེ་ལྟར་ན་དོན་དངོས་ཐོག་བྱང་ཀོ་རི་ཡས་རྡུལ་མཚོན་ཡོངས་སུ་རྩ་མེད་བཟོ་རྒྱུ་ནི་ཨ་རི་དང་ཕྱོགས་གཉིས་ཀས་ཕན་ཚུན་བསམ་ཤེས་བྱ་རྒྱུ་ལས་བྱང་ཀོ་རི་ཡ་ཁོ་ནའི་ངོས་ནས་མགོ་བཏགས་ཞུ་རྒྱུ་སོགས་ལ་རེ་བ་མེད་པར་མངོན་བཞིན་འདུག

ལྷོ་བྱང་ཀོ་རི་ཡའི་ས་མཚམས་ནི་འཛམ་གླིང་ནང་གི་ཆེས་འཇིགས་སུ་རུང་བའི་ས་མཚམས་སུ་བརྗོད་བཞིན་ཡོད།#The Korean Demilitarized Zone (DMZ) splits the Korean peninsula in half creating a buffer zone between North Korea and South Korea. It’s the most militarized border on earth.

དེ་རིང་གི་གྲོས་མཐུན་གསར་པ་གལ་ཆེན་ཞིག་ནི་ལྷོ་བྱང་ཀོ་རི་ཡའི་ལྷན་འདུས་དམག་སྡེ་ལྷན་ཚོགས་གསར་པ་ཞིག་འཛུགས་འཆར་གཏན་ཁེལ་འདུག་པ་དང་། དམག་སྡེ་ལྷན་ཚོགས་དེས་ཕྱོགས་གཉིས་བར་གྱི་རྩོད་རྙོག་བར་འདུམ་འགན་ལེན་བྱ་རྒྱུའི་ཐག་ཆོད་བྱུང་འདུག དེ་ཙམ་མ་ཟད་ཕྱོགས་གཉིས་ཀྱི་ས་མཚམས་སོ་སོ་ནས་སྒར་ཚུགས་ཁག་11རེ་ཕྱིར་འཐེན་བྱ་རྒྱུ། ས་མཚམས་མཁའ་དབྱིངས་སུ་གནམ་གྲུ་སོགས་ཅི་ཡང་འཕུར་སྐྱོད་མ་ཆོག་པའི་ས་ཚིགས་ཇེ་ལྷོད་དུ་གཏོང་རྒྱུ། ས་མཚམས་ས་ཁུལ་མེ་མདའི་སྦྱོང་བརྡར་ས་ཚིགས་ཕྱིར་འཐེན་བྱ་རྒྱུ་བཅས་ཐག་ཆོད་ཁ་གསལ་བྱུང་བའི་གནས་ཚུལ་ཐོན་འདུག

གནས་ཚུལ་གཞན་ཞིག་ནི་སྔར་ཀོ་རི་ཡའི་དམག་འཁྲུག་ཁྲོད་ལྷོ་བྱང་གཉིས་ཀྱི་ནང་མི་ཁ་བྲལ་དུ་སོང་བ་རྣམས་ཐུག་འཕྲད་བྱ་ཐབས་མེད་པར་ལུས་ཡོད་པ་ལྟར། ད་ལན་བྱང་ཀོ་རི་ཡའི་ཁུམ་གྷང་ཡུལ་སྐོར་རི་བོར་(Mount Kumgang)ལྷོ་ཀོ་རི་ཡའི་མི་སེར་སེམས་ཁྲལ་མེད་པར་ཡུལ་སྐོར་དུ་སྐྱོད་ཆོག་པའི་ཆོག་མཆན་སྤྲོད་གཏན་ཁེལ་འདུག དེ་ལྟར་ན་སྤྱི་ལོ་2008ལོའི་རྩོད་རྙོག་མ་བྱུང་སྔོན་བཞིན་ལྷོ་ཀོ་རི་ཡའི་མི་སེར་གྱིས་དེ་གར་བསྐྱོད་དེ་བྱང་ཀོ་རི་ཡའི་ནང་ཡོད་རང་རང་སོ་སོའི་སྤུན་མཆེད་ཐུག་འཕྲད་བྱ་ཆོག་གི་ཡོད་འདུག ད་དུང་། ད་ནས་ཕྱོགས་གཉིས་ཀྱི་སྤུན་མཆེད་ཐུག་འཕྲད་ས་ཚིགས་དམིགས་བསལ་ཞིག་ཀྱང་གཏན་ཁེལ་བྱ་རྒྱུའི་འཆར་གཞི་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

ད་ལན་གྱི་འཆར་གཞི་ལྟར་ན་གྲོས་མཐུན་ལས་གཞི་དེ་ཉིད་ལམ་ལྷོངས་བྱུང་བ་དང་ཆབས་ཅིག་ཕྱོགས་གཉིས་ཀྱི་སྤུན་མཆེད་ཕན་ཚུན་ཐུག་འཕྲད་སླ་རུ་གཏོང་རྒྱུ་དང་། དེ་ཡང་རྒྱུན་དུ་ཐེངས་མང་ཐུག་འཕྲད་བྱ་རྒྱུ་ཡོད་པ་བཟོ་རྒྱུའི་གནས་ཚུལ་བརྗོད་བཞིན་འདུག#The two sides will also establish a permanent venue for families divided by the 1950-53 Korean war to meet more frequently.

སྤྱི་ལོ་2008ལོའི་སྔོན་དུ་གོང་སྨྲོས་ལྟར་ཕྱོགས་གཉིས་ཀྱི་བར་དུ་ནང་མི་ཐུག་འཕྲད་ཆོག་མོད་དུས་ཚོད་མང་ཤོས་ཆུ་ཚོད་འགའ་དང་། དེ་ཡང་ཐེངས་གཅིག་ཐུག་འཕྲད་ཟིན་རྗེས་བསྐྱར་དུ་ཐུག་འཕྲད་ཆོག་གི་མེད་པ་རེད་འདུག འོན་ཀྱང་། ད་ལན་གྱི་འཆར་གཞི་ལྟར་ན་གྲོས་མཐུན་ལས་གཞི་དེ་ཉིད་ལམ་ལྷོངས་བྱུང་བ་དང་ཆབས་ཅིག་ཕྱོགས་གཉིས་ཀྱི་སྤུན་མཆེད་ཕན་ཚུན་ཐུག་འཕྲད་སླ་རུ་གཏོང་རྒྱུ་དང་། དེ་ཡང་རྒྱུན་དུ་ཐེངས་མང་ཐུག་འཕྲད་བྱ་རྒྱུ་ཡོད་པ་བཟོ་རྒྱུའི་གནས་ཚུལ་བརྗོད་བཞིན་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།