ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པ་མི་ལོ་24བཙོན་འཇུག་གཏན་ཁེལ།

0
1710

ལྷོ་ཀོ་རི་ཡ། སི་ཝོལ། སྤྱི་ལོ་2018ཟླ་4ཚེས་6ཉིན། ད་ལྟ་ཆུ་ཚོད་2ཙམ་སྔོན་དུ་དབྱིན་ཡུལ་གྱི་གསར་ཁང་གྲགས་ཅན་ལྟ་སྲུང་བ་ལ་སོགས་པས་གནས་ཚུལ་སྤེལ་གསལ། དེ་རིང་ལྷོ་ཀོ་རི་ཡའི་གཞུང་ཆེས་མཐོའི་ཁྲིམས་ཁང་གིས་གསལ་བསྒྲགས་སྤེལ་དོན་ལྟར། ན་ནིང་ལྐོག་རྔན་དང་དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་ཉེས་དམིགས་འོག་གནས་དབྱུང་བཏང་བའི་ལྷོ་ཀོ་རི་ཡའི་བུད་མེད་སྲིད་འཛིན་ཐོག་མ་པག་ཇུང་ཧེ་(Park Geun-hye)ལ་ཉེས་ཆད་དུས་བཀག་བཙོན་འཇུག་མི་ལོ་24ཐག་ཆོད་བྱུང་བའི་གནས་ཚུལ་ཐོན་འདུག

གསར་ལམ་ཁག་ནས་བརྗོད་གསལ་ལྟར་ན་དེ་རིང་རེས་གཟའ་པ་སངས་ཉིན་ཁོ་མོ་གཟུགས་གཞི་ཅུང་མི་བདེ་བས་ཕྱིར་མངོན་རྒྱུ་མེད་སྐོར་གླེང་། ད་ལན་གྱི་གནས་ཚུལ་དེ་ནི་དམངས་གཙོའི་རྒྱལ་ཁབ་ཀྱི་གཟི་བརྗིད་ཅིག་དང་། ན་ནིང་རྒྱལ་ཁབ་ཀྱི་ཡོད་ཚད་ཡིན་ཡང་དེ་རིང་བཙོན་ཁང་གི་དཀའ་སྡུག་མི་འདོད་བཞིན་དུ་མྱོང་དགོས་པའི་གནས་སུ་གྱུར་ཚུལ་གླེང་བཞིན་འདུག ཁོ་མོའི་རྒྱབ་སྐྱོར་བ་དག་གིས་དེ་རིང་ལྷོ་ཀོ་རི་ཡའི་ནང་དུ་ངོ་རྒོལ་གྱི་ལས་འགུལ་ཆུང་ཁག་རིགས་སྤེལ་བཞིན་ཡོད་འདུག འོན་ཀྱང་། ཐམས་ཅད་རེ་མེད་ལྟར་སི་ཝོལ་ཁྲིམས་ཁང་ནས་ཁོ་མོའི་ཉེས་ཁྲིམས་ཇེ་བརྟན་གཏོང་བཞིན་ཡོད་པ་དངོས་ཡོད་དུ་གྱུར་འདུག

སྲིད་འཛིན་ཟུར་པ་པག་ཇུང་ཧེ་ཁྲིམས་རར་འཁྲིད་བཞིན་པ།#Former South Korean President Park Geun-hye, center, arrives at a court in Seoul, South Korea Tuesday, May 23, 2017

ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པ་པག་ཇུང་ཧེ་ནི་ད་ལོ་རང་ལོ་66ལ་སོན་པར་བརྗོད། ཁོ་མོའི་ཁ་གཏད་ཁྲིམས་རྩོད་པའི་འདོད་འདུན་ལྟར་ན་ཁོ་མོར་ཉེས་ཆད་ཁྱོན་དབྱིན་སྒོར་ས་ཡ་80དང་། དུས་བཀག་བཙོན་འཇུག་མི་ལོ་30གཏོང་དགོས་པའི་ཞུ་གཏུགས་བྱས་ཡོད་འདུག དེ་བཞིན་ཉེས་ཁྲིམས་བཅད་ཁྲ་སྒྲོགས་སྦྱང་རྣམས་ཁོ་མོའི་ཁྲིམས་རྩོད་པས་དགག་པ་བརྒྱབས་མིན་ལ་མ་ལྟོས་པར་ལྷོ་ཀོ་རི་ཡའི་གཞུང་གིས་བརྙན་འཕྲིན་བརྒྱུད་རྒྱལ་ཡོངས་སུ་ཐད་སྟོན་བྱ་རྒྱུའི་ཐག་ཆོད་བྱས་འདུག སི་ཝོལ་ཆེས་མཐོའི་ཁྲིམས་ཁང་ནས་བརྗོད་གསལ་ལྟར་ན། པག་ཇུང་ཧེ་ཡིས་རང་ཉིད་ཀྱི་གྲོགས་མོ་ཆི་སུན་སིལ་(Choi soon-sil)བརྒྱུད་ལྷོ་ཀོ་རི་ཡའི་ཚོང་ཚོགས་ཆེན་པོ་སེམ་སུང་(Samsung)སོགས་ཀྱི་ལག་ནས་ལྐོག་རྔན་བླངས་ཏེ་སྲིད་འཛིན་གྱི་དབང་ཆ་བེད་སྤྱོད་ལོག་པར་བཏང་བ་སོགས་ཁྱོན་ནག་ཉེས་ཆེ་ཁག་18ར་སྤྲོད་བྱུང་ཡོད་ཅེས་བསྒྲགས།

ད་དུང་ཁྲིམས་ཁང་ནང་གསལ་བརྗོད་བྱས་དོན་ལྟར་ན། པག་ཇུང་ཧེ་ཡིས་ཚོང་ཚོགས་ཆེ་ཁག་འགར་རང་ཉིད་ཀྱི་གྲོགས་མོས་འཛིན་སྐྱོང་བྱེད་བཞིན་པའི་དགེ་རྩ་ཚོགས་པར་ཁྱོན་དབྱིན་སྒོར་ས་ཡ་25སྤྲོད་དགོས་པའི་གནོན་ཤུགས་སྤྲད་པར་བརྗོད་ཅིང་། ཁོ་མོས་སྲིད་འཛིན་གྱི་དབང་ཆའི་ཐོག་ནས་གཞུང་འབྲེལ་གསང་བའི་ཡིག་ཚགས་ཁ་ཤས་ཀྱང་ཕྱིར་བསྒྲགས་ཤོར་བའི་གནས་ཚུལ་འགྲེལ་བརྗོད་བྱེད་བཞིན་འདུག དེ་ལྟར་པག་ཇུང་ཧེ་ཡིས་སྲིད་དབང་བཟུང་སྐབས་ལྷོ་ཀོ་རི་ཡའི་གཞུང་ནི་ཁོ་མོའི་གྲོགས་མོའི་དབང་སྒྱུར་འོག་ཏུ་ཚུད་པ་དང་གཉིས་མེད་གླེང་ཞིང་། གཞུང་འབྲེལ་སྲིད་བྱུས་དག་ཀྱང་འཇིགས་སུ་རུང་བའི་ཁ་ཕྱོགས་སུ་བསྐྱོད་ཡོད་རབས་གླེང་བཞིན་འདུག

ན་ནིང་ཁོ་མོ་འཛིན་བཟུང་བྱུང་རྗེས་རྒྱབ་སྐྱོར་བ་ཚོས་ངུ་འབོད་ངང་གཞུང་ཕྱོགས་ཀྱི་ཐག་ཆོད་ལ་ངོ་རྒོལ་བྱེད་བཞིན་པ།#Supporters of South Korea’s impeached-President Park Geun-Hye cry during a rally opposing the impeachment in Seoul on March 11, 2017. South Korean President Park Geun-Hye was fired on March 10 as a court upheld her impeachment.

འདས་པའི་སྤྱི་ཟླ་2ནང་ཁོ་མོའི་གྲོགས་མོ་ཆི་སུན་སིལ་ལ་དུས་བཀག་བཙོན་འཇུག་ལོ་དུས་20གཏན་ཁེལ་བཟོས་ཟིན་ཡོད་པ་དང་། སམ་སུང་དང་ལོ་ཊི་(Lotte)ཚོང་ཚོགས་ཀྱི་སྦྱིན་བདག་གཉིས་པོར་བཙོན་འཇུག་ལོ་དུས་ཇེ་ཉུང་དུ་བཏང་བའི་གནས་ཚུལ་གསལ། ཕྱོགས་གཞན་ནས་པག་ཇུང་ཧེ་ཡིས་རང་ཉིད་ལ་ཕབ་པའི་ཉེས་ཆད་དང་ནག་ཉེས་ཡོངས་སུ་ཁས་ལེན་མེད་སྐོར་བརྗོད། དེ་ལྟར་ན་ནིང་སྤྱི་ཟླ་3ནས་འཛིན་བཟུང་བྱས་པ་ནས་ད་བར་ལྷོ་ཀོ་རི་ཡའི་རྒྱལ་སའི་ཉེ་འཁོར་དུ་ཡོད་པའི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱེད་བཞིན་ཡོད་པ་རེད་འདུག ཁོ་མོའི་ངོས་ནས་ལྷོ་ཀོ་རི་ཡའི་མི་དམངས་ལ་བརྗོད་དོན།“རང་ཉིད་ལ་གྲོགས་མོའི་ཤུགས་རྐྱེན་ཆེན་པོ་ཐེབས་པར་ང་ཚོའི་མི་དམངས་ལ་དགོངས་སེལ་ཞུ་རྒྱུ་ཡིན། འོན་ཀྱང་། ཁྲིམས་ཁང་ནས་བཀལ་བའི་ཉེས་ཆད་དེ་དག་ཡོངས་སུ་ངོས་ལེན་རྩ་བ་ནས་མེད་ཅིང་། རང་ཉིད་ཀྱིས་ནག་ཉེས་དེ་འདྲ་གང་ཡང་བསགས་མེད།“ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།