ལྡི་ལིའི་ཁ་རླུང་སྦགས་བཙོག་ཛ་དྲག་ཏུ་གྱུར་བ། ཨར་ལས་དང་སློབ་གྲྭ་མཚམས་འཇོག

0
1224
ད་ལྟ་ལྡི་ལིའི་ཁ་རླུང་སྦགས་བཙོག་གི་གནས་སྟངས་འདི་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཁ་རླུང་བདེ་འཇགས་གནས་ཚད་ལས་ལྡབ་30བརྒལ་ཡོད་པར་བརྗོད།#Delhi woke up on Wednesday to a second day of haze as pollution spiked, hitting 30 times the World Health Organization's safe level, prompting doctors in the national capital to warn of a public health emergency.

རྒྱ་གར། ལྡི་ལི། སྤྱི་ལོ་2017ཟླ་11ཚེས་9ཉིན། ད་ལྟ་ཆུ་ཚོད་ཕྱེད་ཙམ་སྔོན་དུ་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་NDTVལ་སོགས་པས་གནས་ཚུལ་སྤེལ་གསལ། ད་ལྟའི་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁ་རླུང་སྦགས་བཙོག་ཆེས་ཚབས་ཆེའི་གནས་བབ་ཏུ་སོན་སྟེ། གྲོང་ཁྱེར་ཁྱོན་ཡོངས་ཀྱི་གནས་སྟངས་ཛ་དྲག་གི་ཁྱབ་བསྒྲགས་སྤེལ་བའི་གནས་ཚུལ་ཐོན་བཞིན་འདུག དེ་མཚུངས་རྒྱ་གར་དབུས་གཞུང་ཆེས་མཐོའི་ཁྲིམས་ཁང་ཁོར་ཡུག་སྦགས་བཙོག་སྟངས་འཛིན་སྡེ་ཚན་གྱིས་ཀྱང་རྒྱལ་ས་ལྡི་ལིའི་ཁ་རླུང་སྦགས་བཙོག་གི་གནས་སྟངས་འདི་བཞིན་ཆེས་ཛ་དྲག་གི་གནས་བབ་ཏུ་ངོས་འཛིན་བྱས་ཡོད་པ་རེད་འདུག

དེའི་ཕྱིར་དེ་རིང་ནས་བཟུང་རྒྱལ་ས་ལྡི་ལིའི་ནང་གི་ཨར་ལས་དང་འཛུགས་སྐྲུན་ལས་གཞི་འགྲོ་བཞིན་པ་ཡོད་ཚད་མཚམས་འཇོག་བྱེད་དགོས་པའི་བཀའ་རྒྱ་ཕབ་འདུག་ཅིང་། དགོས་ངེས་ཅན་གྱི་རྒྱུན་སྤྱོད་ཟ་ཆ་དབོར་འདྲེན་པ་སོགས་ཕུད་དོས་སྐྱེལ་རླངས་འཁོར་ཆེ་གྲས་ཐམས་ཅད་གྲོང་ཁྱེར་ནང་འཛུལ་མི་ཆོག་པའི་བཀའ་རྒྱ་ཕབ་འདུག

དགུན་དུས་མཁའ་དབྱིངས་སུ་བརླན་བཤེར་ཆེ་བ་དང་། སྨུག་པ་འཐུག་སྟབས་རླུང་ཁམས་ཀྱི་གད་སྙིགས་དང་དུག་རྫས་རིགས་ཕྱིར་འགྲོ་མ་ཐུབ་པར་ས་གནས་གཅིག་ཁོ་ནར་ལུས་ཀྱི་ཡོད་པར་བརྗོད།#Delhi’s air quality typically worsens ahead of the onset of winter.

གནས་ཚུལ་དེའི་ཐད་ལྡི་ལིའི་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ཀེ་ལྭ་ཤི་(Kailash Gahlot)ཡིས་གསར་འགོད་པར་འགྲེལ་བརྗོད་གནང་དོན།“འདས་པའི་ཆུ་ཚོད་48རིང་ལྡི་ལིའི་ཁ་རླུང་སྦགས་བཙོག་འགྱུར་ལྡོག་ཅི་ཡང་མེད་པར་བསྟུད་མར་ཚབས་ཆེའི་གནས་ཚད་དུ་གནས་མུས་རེད་འདུག”ཅེས་བརྗོད་འདུག

དེ་བཞིན་ལྡི་ལིའི་གཞུང་འཛིན་པ་མི་དམངས་དཀྱུས་མ་ཆབ་སྲིད་ཚོགས་པའི་(AAP)སྐུ་ཞབས་ཀེ་ཇི་རི་ཝལ་(Arvind Kejriwal)ལགས་ཀྱིས་ནན་བརྗོད་བྱས་དོན།“ད་ལྟ་ང་ཚོའི་ལྡི་ལི་གྲོང་ཁྱེར་འདི་བཞིན་འཛམ་གླིང་ནང་གི་རྒྱལ་ས་སྦགས་བཙོག་ཆེ་ཤོས་དེ་ཉིད་དུ་གྱུར་ཡོད། ད་དུང་། ཁོར་ཡུག་ཁྱོན་ཡོངས་ཀྱི་རླུང་ཁམས་དང་ཁ་རླུང་ཡོངས་སུ་སྦགས་བཙོག་ཚབས་ཆེན་ཕོག་པའི་གནས་སྟངས་འདི་བཞིན་དོན་དངོས་སུ་དམག་ཆེན་གཉིས་པའི་སྐབས་འཇར་མན་ནྭ་ཛི་དབང་སྒྱུར་བ་ཧི་ཊི་ལར་(Hitler)གྱི་དགག་ཕྱོགས་པ་སྡེབ་གསོད་གཏོང་ཆེད་དུ་བཟོས་པའི་དུག་རླངས་ཁང་པ་ལྟ་བུར་གྱུར་ཡོད།”ཞེས་བརྗོད་འདུག དེ་ལྟར་བདུན་འདིའི་གཟའ་མཇུག་བར་ལྡི་ལིའི་ནང་ཡོད་སློབ་གྲྭ་ཡོངས་སུ་ལས་མཚམས་འཇོག་དགོས་པའི་གཞུང་འབྲེལ་བཀའ་རྒྱ་ཕབ་པའི་གནས་ཚུལ་བརྗོད།

ད་ལྟའི་ཆར་ལྡི་ལིར་སྨུག་པ་འཐུག་པའི་དཀའ་ངལ་འོག་འགྲིམ་འགྲུལ་ལས་འཛོལ་དུ་མ་ཞིག་འཕྲད་བཞིན་འདུག ཁ་སང་ལྡི་ལིའི་ཡ་མུ་ན་མྱུར་བགྲོད་གཞུང་ལམ་ཐོག་ཁྱོན་རླངས་འཁོར་13གཅིག་རྗེས་གཉིས་མཐུད་ཀྱི་གདོང་ཐུག་བྱུང་བའི་གནས་ཚུལ་ཐོན་འདུག#Yamuna Expressway: 6 hurt as 13 vehicles rammed into each other due to poor visibility.

ད་དུང་། ལྡི་ལི་གཞུང་འཕྲོད་བསྟེན་ལྷན་ཁང་ནས་ཉེན་བརྡ་བཏང་དོན།“ལྡི་ལིའི་གྲོང་མི་ཚོས་ཕྱིར་ཐོན་རྒྱུར་འཛེམ་དགོས་ཀྱི་འདུག ཁྱེད་ཉིད་ལ་དབུགས་གཏོང་ལེན་བྱ་རྒྱུའི་དཀའ་ངལ་འཕྲད་ཀྱི་འདུག་ཚེ་དེ་བས་ཁྱིམ་དུ་སྡོད་དགོས། ཕྲུུ་གུ་ཚོ་ཡང་ཁྱིམ་དུ་ཉར་ནས་ཕྱིར་གཏོང་མི་དགོས་ན་ལེགས། ཐ་མག་(དུ་བ་)འཐེན་མཁན་རིགས་ཀྱིས་ངེས་པར་དུ་ཐ་མག་འཐེན་མི་དགོས་ན་ཡག་ཤོས་རེད། གཞན་གྲོང་མི་རྣམས་ཞོགས་པ་ཕྱིར་ལུས་རྩལ་རྩེ་བ་སོགས་ལ་མི་བསྐྱོད་ན་བཟང་།”ཞེས་བསྒྲགས་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།