ལོ་རྒྱུས་ཁྲོད་རྒྱ་གར་གྱི་འགྲིམ་འགྲུལ་དོན་རྐྱེན་སྡུག་ཤོས། མི་57འདས་གྲོངས། ཐད་སྤེལ།

0
1552
ས་ཡུལ་དངོས་ཀྱི་པར་རིས། སྤྱི་སྤྱོད་རླངས་འཁོར་དེ་ཉིད་མཐོ་ཚད་ཧྤུ་ཌི་30ལྷག་གི་ས་ནས་ལུང་གཤོང་དུ་ལྷུང་འདུག་པ་དང་། རླངས་འཁོར་ནང་ཡོད་འགྲུལ་པ་88ནས་མི་གྲངས་57ཐད་ཀར་འདས་གྲོངས་སུ་གྱུར་འདུག#Country's worst-ever bus tragedy: 57 pilgrims killed in Telangana.

རྒྱ་གར། ཏེ་ལང་གྷ། སྤྱི་ལོ་2018ཟླ་9ཚེས་11ཉིན། ད་ལྟ་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་NDTVསོགས་གསར་ཁང་ཕལ་མོ་ཆེས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་ཕྱི་དྲོ་རྒྱ་གར་ལྷོ་ཁུལ་ཏེ་ལང་གྷ་(Telangana)མངའ་སྡེའི་ཀོན་རྡ་གྷ་ཀྲུ་(Kondagattu)ཞེས་པའི་གྲོང་ཁུལ་ན་གནས་མཇལ་བའི་སྤྱི་སྤྱོད་རླངས་འཁོར་ཞིག་རི་ཁུལ་ནས་གཡང་ལ་ལྷུང་བའི་གནས་ཚུལ་ཐོན་འདུག དེ་ཡང་སྤྱི་སྤྱོད་རླངས་འཁོར་དེ་ཉིད་མཐོ་ཚད་ཧྤུ་ཌི་30ལྷག་གི་ས་ནས་ལུང་གཤོང་དུ་ལྷུང་འདུག་པ་དང་། རླངས་འཁོར་ནང་ཡོད་འགྲུལ་པ་88ནས་མི་གྲངས་57ཐད་ཀར་འདས་གྲོངས་སུ་གྱུར་འདུག དེ་མཚུངས་འགྲུལ་གཞན་རྣམས་ཀྱང་རྨས་སྐྱོན་ཧ་ཅང་ཚབས་ཆེན་ཕོག་ཡོད་པའི་གནས་ཚུལ་བརྗོད། དེ་ནི་ད་བར་རྒྱ་གར་གྱི་འགྲིམ་འགྲུལ་དོན་རྐྱེན་དུས་གཅིག་ལ་མི་ཤིའི་གྲངས་ཚད་ཆེས་མང་ཤོས་ཡིན་པའི་ཛ་དྲག་གི་གནས་ཚུལ་དུ་གྱུར་འདུག

དེ་སྔོན་རྒྱ་གར་བྱང་ཁུལ་མངའ་སྡེ་འཇའ་མུ་དང་ཀྭ་ཤི་སྨིར་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་བརྡབ་སྐྱོན་འོག་མི་གྲངས་51འདས་གྲོངས་སུ་གྱུར་བ་དེ་ད་བར་རྒྱ་གར་ནང་གི་འགྲིིམ་འགྲུལ་དོན་རྐྱེན་དུས་གཅིག་ལ་མི་ཤིའི་གྲངས་ཚད་མང་ཤོས་སུ་བརྩི་བཞིན་འདུག འོན་ཀྱང་། དེ་རིང་གི་ཡིད་སྐྱོའི་དོན་རྐྱེན་དེས་རྒྱ་གར་རྒྱལ་ཡོངས་སུ་སྤྱི་སྤྱོད་རླངས་འཁོར་དང་འབྲེལ་བའི་འགྲིམ་འགྲུལ་བདེ་འཇགས་ཐད་དྲིལ་བརྡ་གསར་པ་ཞིག་གཏོང་ཐུབ་དགོས་པའི་གནས་སྟངས་སུ་གྱུར་ཡོད། ཕྱོགས་མཚུངས་རྒྱ་གར་གྱི་སྲིད་བློན་མོ་རྡི་གཙོས་ཆབ་སྲིད་མི་སྣ་ཆེ་གྲས་ཕལ་མོ་ཆེས་སེམས་གསོའི་འཕྲིན་ཡིག་སྤེལ་བཞིན་འདུག ད་ལྟ་ཏེ་ལང་གྷ་མངའ་སྡེ་གཞུང་གི་བཀོད་སྒྲིག་འོག་ཁ་པར་ཨང་གྲངས་(8004254247)བརྒྱུད་དོན་རྐྱེན་དེ་ཉིད་དང་འབྲེལ་བའི་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་པར་བརྗོད།

འདྲུད་འཐེན་འཁོར་ལོའི་ནང་འདས་གྲོངས་སུ་གྱུར་བའི་འགྲུལ་པ་ཕྱིར་དབོར་བཞིན་པ།#Bodies were retrieved from the valley and shifted to Jagtial government hospital for identification and post-mortem.

དོན་རྐྱེན་དེའི་བརྒྱུད་རིམ་ཤེས་རྟོགས་བྱུང་གསལ་ལྟར་ན། རི་ཁུལ་ནས་སྤྱི་སྤྱོད་རླངས་འཁོར་དེ་ཉིད་ཀྱི་ཁ་ལོ་བས་མདུན་ཕྱོགས་ཀྱི་ལམ་འབུར་མ་མཐོང་སྟབས། རླངས་འཁོར་གྱི་མྱུར་ཚད་འགོག་མ་ཐུབ་པ་མ་ཟད་རླངས་འཁོར་གྱི་སྟངས་འཛིན་ཡོངས་སུ་ཤོར་ཏེ་རི་གཤམ་དུ་ལྷུང་བའི་གནས་ཚུལ་ཐོན་འདུག གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བརྗོད་དོན།“རླངས་འཁོར་དེ་ཉིད་གཡང་ལ་མ་ལྷུང་པའི་སྔོན་དུ་ལམ་ཐོག་ཏུ་འཇིགས་སུ་རུང་བའི་འབབ་སྒྲིལ་ཐེངས་བཞི་ཐེབས་པ་དང་། དེ་རྗེས་གཞི་ནས་གཡང་ལ་ལྷུང་སོང་།”ཞེས་བརྗོད་འདུག མངའ་སྡེ་གཞུང་གིས་འདས་གྲོངས་སུ་གྱུར་བའི་འགྲུལ་པའི་ནང་མིར་སེམས་གསོའི་ཆེད་ཧིན་སྒོར་500,000རེ་དང་། རྨས་སྐྱོན་ཕོག་པའི་འགྲུལ་པའི་ནང་མིར་ཁྱོན་ཧིན་སྒོར་300,000རེ་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུག

གཞུང་ཕྱོགས་ནས་མྱུར་སྐྱོབ་ལས་འགུལ་གང་མགྱོགས་སྤེལ་ཐབས་བྱས་འདུག་མོད་འགྲུལ་པ་ཕལ་མོ་ཆེ་ས་ཡུལ་དེ་གར་ཐད་ཀར་འདས་གྲོངས་སུ་གྱུར་ཟིན་སྐོར་བརྗོད། ཉེན་རྟོག་པས་ཕུང་པོ་རྣམས་དེ་ཁུལ་གཞུང་སྨན་ཁང་དུ་བསྐྱལ་འདུག་པ་དང་། འགྲུལ་པ་མི་གྲངས་45ངོས་འཛིན་ཐུབ་ཟིན་འདུག སྤྱིར་འགྲུལ་པ་ཕལ་མོ་ཆེ་བུད་མེད་རང་ལོ་40བརྒལ་བ་ཤ་སྟག་ཡིན་སྐོར་བརྗོད། ཞིབ་ཏུ་བརྗོད་ན་དེ་རིང་གི་ཚེས་བཟང་དང་བསྟུན་འགྲུལ་པ་རྣམས་དེ་ཁུལ་དུ་ཡོད་པའི་དྲང་སྲོང་ཨྭན་ཇ་ནི་ཡའི་ལྷ་ཁང་(Sri Anjaneya Swamy)དུ་མཆོད་མཇལ་དུ་སོང་ནས་ཕྱིར་ལོག་བཞིན་ཡོད་པ་རེད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།