ལོ་ངོ་ལྔའི་རྗེས་སུ་མཱ་ལ་ལ་ཁྱིམ་དུ་ཕྱིར་ལོག བདེ་འཇགས་སེམས་འཚབ།

0
1072
མཱ་ལ་ལ་ཕྱིར་ཁྱིམ་དུ་ལོག་རྒྱུ་བྱུང་བ་ནི་དགའ་འོས་པ་ཞིག་ཡིན་རུང་། ཕྱོགས་སྐྱོད་ཡོད་ཚད་གསང་བའི་གྲ་སྒྲིག་བྱེད་དགོས་བྱུང་བཞིན་ཡོད་འདུག#Malala’s homecoming in Pakistan shrouded in secrecy.

པག་ཀི་སི་ཐན། དབྱི་སཱ་ལ་མ་བྷ་ཊི། སྤྱི་ལོ་2018ཟླ་3ཚེས་30ཉིན། ད་ལྟ་ཆུ་ཚོད་གཅིག་ཙམ་སྔོན་དུ་རྒྱ་གར་བང་ཆེན་(Indian Express)གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བཞིན་པ་ནི། མི་ལོ་5ལྷག་ཙམ་རྗེས་སུ་མཱ་ལ་ལ་(Malala Yousafzai)ཕྱིར་རང་ཡུལ་ལ་འཚམས་གཟིགས་སུ་བསླེབས་ཡོད་པའི་གནས་ཚུལ་བརྗོད། དེ་ཡང་ལོ་ལྔའི་གོང་དུ་པག་ཀི་སི་ཐན་ནང་ཡོད་མཛེས་སྡུག་ལྷ་ཡུལ་ལ་འགྲན་པར་གྲགས་པའི་སཱ་ཝ་ཏི་(SAWAT)ཡུལ་ལུང་གི་བུ་མོ་རང་ལོ་15སོན་པ་མཱ་ལ་ལའི་མགོ་བོར་དྲག་སྤྱོད་པས་མེ་མདའ་བརྒྱབས་ཏེ། ཡུལ་དེ་གའི་སློབ་གྲྭར་འགྲོ་བཞིན་པའི་བུ་མོ་ན་ཆུང་ཚོར་སློབ་སྦྱོང་བྱས་ནས་ཡོང་རྒྱུ་དེ་ཡིན་པའི་ཉེན་བརྡ་བཏང་བ་རེད། འོན་ཀྱང་། སྟབས་ལེགས་པར་ཁོ་མོའི་སྲོག་ཐར་ཏེ་དབྱིན་ཡུལ་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད། ཁོ་མོ་དྲག་སྐྱེད་བྱུང་བའི་དུས་དེ་ནས་སྔར་རང་ཉིད་པག་ཀི་སི་ཐན་དུ་ཡོད་དུས་ལྟར་བུ་མོའི་ཤེས་ཡོན་གོ་སྐབས་འཐབ་རྩོད་མུ་མཐུད་བྱ་མུས་བཞིན་སྤྱི་ལོ་2014ལོའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་ཡོད།

ད་ལན་མཱ་ལ་ལ་ཕྱིར་རང་ཡུལ་དུ་ལོག་བསླེབས་ཡོད་ཀྱང་པག་ཀི་སི་ཐན་གཞུང་ཕྱོགས་ནས་ཁོ་མོའི་བདེ་འཇགས་གནད་དོན་ཐད་སེམས་འཚབ་ཧ་ཅང་བྱེད་བཞིན་ཡོད་པར་བརྗོད་ཅིང་། དེ་རིང་རེས་གཟའ་པ་སངས་ཉིན་ཁོ་མོའི་ཕ་ཡུལ་དངོས་སཱ་ཝ་ཏི་གྲོང་ཁུལ་དུ་བསྐྱོད་འཆར་བསྒྲིགས་ཡོད་ཀྱང་། འགྲུལ་བཞུད་ཡོད་ཚད་ཚད་མཐོའི་གསང་བའི་ངང་གྲ་སྒྲིག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན། ཁོ་མོ་པག་ཀི་སི་ཐན་དུ་ཕྱིར་ལོག་བྱ་ཐུབ་པ་ནི་ཁོ་མོའི་ཕུགས་བསམ་ཡིན་ཞིང་། མདང་དགོང་པག་ཀི་སི་ཐན་གྱི་བརྙན་འཕྲིན་ལེ་ཚན་བརྒྱུད་ཁོ་མོས་འགྲེལ་བརྗོད་བྱས་དོན།“རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུ་བྱུང་བ་དེ་ནི་རང་ཉིད་ཀྱི་རྨི་ལམ་ཡིན།”ཞེས་བརྗོད་འདུག

མཱ་ལ་ལ་ཡིས་པག་ཀི་སི་ཐན་ནང་ཡོད་བུད་མེད་ཐོབ་ཐང་རྩོད་ལེན་པ་དག་ལ་ཐུག་འཕྲད་བྱེད་བཞིན་པ།#Malala at a meeting with Pakistani women’s rights activists in Islamabad. She was forced out of her country after the Taliban shot her for attending school more than five years ago.(AFP)

མཱ་ལ་ལ་པག་ཀི་སི་ཐན་ལ་ཕྱིར་ལོག་བྱུང་བ་དེར་པག་ཀི་སི་ཐན་གཞུང་ཕྱོགས་ཀྱིས་བདེ་སྲུང་གྲ་སྒྲིག་ཧ་ཅང་ཚད་མཐོ་བྱ་དགོས་པའི་གནས་སྟངས་སུ་གྱུར་ཞིང་། ཁོ་མོ་དང་ཐུག་འཕྲད་བྱ་མི་གལ་ཆེའི་མི་སྣ་སུ་ཡིན་ཡང་ཐུག་འཕྲད་དུས་བཀག་ཟིན་ལ་ཉེ་བའི་སྐབས་མ་གཏོགས་ཡོད་ཚད་གསང་བའི་ངང་གྲ་སྒྲིག་བྱ་དགོས་ཁེལ་བཞིན་ཡོད་འདུག སྤྱིར་མཱ་ལ་ལར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་དགའ་མོས་བྱ་མཁན་གྲངས་མེད་ཡོད་པ་དང་། དམིགས་བསལ་པག་ཀི་སི་ཐན་གྱི་ནང་དུ་ཁོ་མོར་དགའ་མོས་བྱ་མཁན་གྱི་ཚོགས་པའང་ཡོད་པར་བརྗོད་ཅིང་། ད་ལན་ཁོ་མོར་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་ལྷོད་ལྷོད་ཅིག་ཀྱང་མ་བྱུང་ཞེས་གསར་འགྱུར་བརྒྱུད་ལམ་ཁག་ནས་པག་ཀི་སི་ཐན་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་མཆིས། ད་ལྟའི་ཆར་མཱ་ལ་ལ་པག་ཀི་སི་ཐན་དུ་སྡོད་རིང་གི་མཛད་རིམ་ཡོད་ཚད་གསལ་པོ་མེད་པར་གླེང་།

ཁོ་མོའི་ཕ་ཡུལ་སཱ་ཝ་ཏི་ནི་པག་ཀི་སི་ཐན་བྱང་ནུབ་མཚམས་སུ་གནས་ཡོད་པ་དང་། ཡུལ་ལུང་དེ་ཉིད་ཀྱི་མཛེས་སྡུག་ཐད་པག་ཀི་སི་ཐན་དུ་སྙན་པའི་གྲགས་པ་ཕྱོགས་ཀུན་ལ་ཁྱབ་འདུག དེ་ཡང་ཡུལ་ལུང་དེ་ཉིད་སྤྱི་ལོའི་དུས་རབས་11བར་ནང་པས་དབང་སྒྱུར་གྱི་ས་གནས་ཡིན། མ་ཟད། པག་ཀི་སི་ཐན་གྱི་གྷན་རྡ་ར་(Gandhara)ནང་པའི་རྒྱལ་རྒྱུད་ཀྱི་ནང་ཆོས་སློབ་སྦྱོང་བྱ་ཡུལ་གྱི་ལྟེ་གནས་གཙོ་བོར་ཡུན་རིང་གནས་འདུག འོན་ཀྱང་། སྤྱི་ལོ་དུས་རབས་11ནས་དབྱི་སི་ལམ་ཆོས་ལུགས་དར་འཕེལ་ཤུགས་ཆེན་ཕྱིན་རྗེས་རིམ་པས་ནང་ཆོས་ཉམས་འགོ་ཚུགས་ཏེ་མཐར་ནང་པའི་ཤུལ་ཙམ་ལས་མ་ལུས་པར་གྱུར་ཡོད། སྤྱི་ལོ་2007ལོར་ཡུལ་ལུང་དེ་ཉིད་ཏཱ་ལི་བྷན་དྲག་སྤྱོད་ཚོགས་པའི་དབང་སྒྱུར་འོག་ཚུད་དེ་ལོ་ངོ་སྟོང་ཕྲག་ལས་བརྒལ་བའི་སྟོན་པའི་སྐུ་བརྙན་འབར་རྫས་ཀྱིས་གཏོར་བ་དང་། དེ་གའི་གྲོང་ཁུལ་གྱི་འགྲོ་ལུགས་ཡོངས་སུ་བཅོས་སྒྱུར་བྱ་འགོ་བཙུགས་ཏེ་བུ་མོ་ཡོད་ཚད་སློབ་སྦྱོང་བྱ་རྒྱུ་མེད་པའི་ལམ་ལུགས་གསར་འཛུགས་བྱས། དེ་བཞིན་རང་སྣང་གང་དྲན་གྱི་ཁྲིམས་ལུགས་དུ་མ་ཞིག་བཟོས་ཏེ་སཱ་ཝ་ཏི་ཡུལ་ལུང་གི་མཛེས་སྡུག་ཡོངས་སུ་མྱ་ངམ་ཐང་དུ་གྱུར་བའི་གནས་ཚུལ་བྱུང་མྱོང་ཡོད། སྟབས་ལེགས་པར་མཐར་སྤྱི་ལོ་2009ལོར་པག་ཀི་སི་ཐན་གཞུང་གིས་སཱ་ཝ་ཏི་དྲག་སྤྱོད་པའི་ལག་ནས་ཕྱིར་བླངས་ཐུབ་པ་བྱུང་ཡོད།

མཛེས་སྡུག་ལྷ་ཡུལ་ལ་འགྲན་པར་གྲགས་པའི་མཱ་ལ་ལའི་ཕ་ཡུལ་སཱ་ཝ་ཏི་ཡུལ་ལུང་།#Located in KPK, the city of Swat serves as a tourist hub. From Alexander the Great, to Buddhists and now Muslims – Swat has been a home to all.

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།