ལི་བྷ་ནོན་གྱི་སྲིད་བློན་དགོངས་ཞུ། ལྐོག་གསོད་ཀྱི་ཉེན་ཁ། ཚ་གླེང་།

0
1150
དཀྱིལ་ཤར་རྒྱལ་ཁབ་ལི་བྷ་ནོན་གྱི་སྲིད་བློན་སྐུ་ཞབས་ཧ་རཱི་རི་གློ་བུར་དུ་ལས་གནས་ནས་དགོངས་ཞུ་བྱས་པ་དང་། ད་ལྟའི་ཆར་སྲིད་བློན་ལས་གནས་ཐོག་དབང་ཆ་སུས་འཛིན་མིན་ཁ་གསལ་མེད་པར་གནས་འདུག#Lebanese prime minister resigns, saying his life in danger.

ལི་བྷ་ནོན། བྷི་རུ་ཊི། སྤྱི་ལོ་2017ཟླ་11ཚེས་4ཉིན། ད་ལྟ་སྐར་མ་15ཙམ་གྱི་སྔོན་དུ་ཨ་རིའི་སི་ཨེན་ཨེན་CNNརྒྱལ་སྤྱིའི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་གསལ། དཀྱིལ་ཤར་རྒྱལ་ཁབ་ལི་བྷ་ནོན་(Lebanon/黎巴嫩)གྱི་སྲིད་བློན་སྐུ་ཞབས་ཧ་རཱི་རི་(Saad Al-Hariri)གློ་བུར་དུ་ལས་གནས་ནས་དགོངས་ཞུ་བྱས་འདུག དེ་ཡང་དེ་རིང་ཕྱི་དྲོ་ཁོང་གིས་ཨ་རབ་ཀྱི་བརྙན་འཕྲིན་གསར་ཁང་ཆེ་གྲས་ཨཱལ་ཨ་རབ་བྷི་ཡ་(Al Arabiya)བརྒྱུད་ནས་གསལ་བསྒྲགས་སྤེལ་དོན།“ང་རང་ལྐོག་གསོད་ཀྱི་ཉེན་ཁའི་འོག་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་འདུག དེའི་རྒྱུ་རྐྱེན་ནི་ཨི་རན་(Iran/伊朗)དང་ཨི་རན་གྱི་མཐུན་ཕྱོགས་ཡིན་པ་ངེད་རྒྱལ་ཁབ་ཀྱི་ཆབ་སྲིད་ཚོགས་པ་ཧྭ་ཛི་བྷོ་ལ་(Hezbollah)རེད།”ཅེས་བརྗོད་པའི་གནས་ཚུལ་ཐོན་འདུག

ཁོང་གིས་མུ་མཐུད་བརྗོད་དོན།“ད་ལྟའི་ངའི་ཁོར་ཡུག་དང་གནམ་གཤིས་ནི་སྔར་ང་ཚོའི་དཔའ་བོ་རྭ་ཧྥིག་-ཧ་རཱི་རི་(Rafik al-Hariri ཁོ་པའི་ཕ་རེད།)ལྐོག་གསོད་གཏོང་སྐབས་ཀྱི་གནས་སྟངས་དང་ཧ་ཅང་འདྲ་པོར་གྱུར་འདུག ངས་རང་ཉིད་ལྐོག་གསོད་གཏོང་རྩིས་ཡོད་པའི་ངེས་ཤེས་ཆེན་པོ་བྱུང་།”ཞེས་བརྗོད་འདུག

ཁོང་གི་ཕ་ཡང་ཡུལ་དེ་གའི་སྲིད་བློན་བྱེད་མྱོང་ཡོད་ཅིང་། སྤྱི་ལོ་2005ཟླ་2ཚེས་14ཉིན་རླངས་འཁོར་ནང་འབར་རྫས་སྤྱི་རྒྱ་1800ལྷག་བཞག་པ་ཞིག་གིས་དྲག་རྒོལ་འོག་ལྐོག་གསོད་བཏང་ཡོད།#On 14 February 2005, Hariri was killed when explosives equivalent to around 1,800 kilograms (4,000 lb) of TNT concealed inside a parked Mitsubishi van were detonated as his motorcade drove near the St. George Hotel in Beirut.

ཁོང་གིས་ཨི་རན་གྱི་གནད་དོན་དང་འབྲེལ་ནས་གསལ་བརྗོད་བྱས་དོན།“ད་ལྟའི་ཆར་ཨ་རབ་ཀྱི་འཛམ་གླིང་ནང་དུ་ཨི་རན་གྱིས་གནོད་སྐྱོན་གཏོང་རྒྱུའི་ནུས་ཤུགས་ཉམས་འགོ་ཚུགས་ཡོད། དེའི་ཕྱིར་ལི་བྷ་ནོན་གྱིས་སྔར་ལྟར་བསྐྱར་དུ་ཡར་ལངས་བྱེད་ངེས་རེད་ལ། སེམས་ངན་བཅངས་ནས་ངེད་རྒྱལ་ཁབ་ཀྱི་ནང་དུ་རྐྱོང་བཞིན་པའི་ལག་པ་དེ་དག་ཐམས་ཅད་གཅོད་འདོད་ཡོད་པ་རེད།”ཅེས་བརྗོད་འདུག

སྐུ་ཞབས་ཧ་རཱི་རི་ནི་སྤྱི་ལོ་2016ལོར་སྲིད་བློན་གྱི་ཁྲི་ཐོག་ཏུ་འཁོད་ཡོད་པ་རེད། འོན་ཀྱང་། སྐབས་དེར་ཁ་གཏད་ཆབ་སྲིད་ཚོགས་པ་ཧྭ་ཛི་བྷོ་ལའི་གྲོས་འདུན་བཞིན་སྲིད་བློན་ལྷན་ཁང་ནང་དུ་ཧྭ་ཛི་བྷོ་ལའི་འཐུས་མི་ལྷན་འཇོག་བྱེད་དགོས་བྱུང་འདུག ཧྭ་ཛི་བྷོ་ལ་ནི་ལི་བྷ་ནོན་གྱི་ནང་དུ་དབང་ཤུགས་ཆེ་ཤོས་ལྡན་པའི་ཆབ་སྲིད་ཚོགས་པ་ཞིག་ཡིན་འདུག་ཅིང་། ཨི་རན་དང་མཐུན་ཕྱོགས་ཀྱི་གནས་བབ་འོག་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་དུ་ཆབ་སྲིད་གནད་དོན་ཐད་ཐེ་བྱུས་དུ་མ་ཞིག་བྱེད་བཞིན་ཡོད་སྐོར་གླེང་། ད་དུང་། ཧྭ་ཛི་བྷོ་ལས་སེ་རི་ཡའི་སྲིད་འཛིན་ཨ་ས་ཏིར་(Bashar al-Assad)རྒྱབ་སྐྱོར་བྱེད་བཞིན་པ་སོགས་ཀྱིས་ལི་བྷ་ནོན་གྱི་མི་སེར་དུ་མ་ཞིག་ཆབ་སྲིད་ཚོགས་པ་དེའི་ལས་སྟངས་ལ་དགའ་པོ་མེད་པར་བརྗོད།

ལི་བྷ་ནོན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་ཁྲ། རྒྱལ་ཁབ་དེར་ས་ཁྱོན་སྤྱི་ལི་གྲུ་བཞི་མ་10,452ལས་རེད། མི་འབོར་ས་ཡ་6.7ཡོད།#Lebanon, officially known as the Lebanese Republic, is a sovereign state in Western Asia. It is bordered by Syria to the north and east and Israel to the south, while Cyprus is west across the Mediterranean Sea.

ད་ལྟའི་ཆར་ཡུལ་དེ་གའི་སྲིད་བློན་ལས་ཐོག་ནས་དགོངས་ཞུ་བྱས་པའི་སྐུ་ཞབས་ཧ་རཱི་རི་ལགས་ནི་ད་ལྟ་སཱའོ་རྡི་ཨ་རབ་བྷི་ཡའི་ (Saudi Arabia/沙特阿拉伯)ནང་དུ་བསླེབས་འདུག་ཅིང་། དེ་གར་སཱའོ་རྡིའི་རྒྱལ་སྲས་ཆེན་པོ་སཱལ་མན་(Mohammed bin Salman)ལ་ཐུག་འཕྲད་དང་སྐབས་དོན་ལི་བྷ་ནོན་གྱི་ནང་དུ་ཧྭ་ཛི་བྷོ་ལ་དང་ཨི་རན་གྱི་གནད་དོན་སོགས་ཀྱི་ཐད་གྲོས་མོལ་ཞུས་ཡོད་སྐོར་བརྗོད། དེ་བཞིན་དེ་རིང་གློ་བུར་བའི་སྲིད་བློན་ལས་ཐོག་ནས་དགོངས་ཞུའི་གསལ་བསྒྲགས་དེ་ཡང་སའོ་རྡི་ཨ་རབ་བྷི་ཡའི་རྒྱལ་ས་རི་ཡ་རྡི་(Riyadh)ནས་ཐད་གཏོང་བྱས་པ་ཡིན་སྐོར་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།