རྒྱལ་སྤྱིའི་རེག་དུག་ཉིན་མོ། སྤྱི་ལོ་2016ལོར་རྒྱ་གར་ནང་ནད་པ་གསར་པ་80,000ཐོན།

0
692

རྒྱ་གར། ལྡི་ལི་གསར་པ། སྤྱི་ལོ་2017ཟླ་11ཚེས་23ཉིན། ད་ལྟ་ཆུ་ཚོད་གཅིག་གི་སྔོན་དུ་རྒྱ་གར་གྱི་དབྱིན་ཡིག་འཕྲོད་བསྟེན་གསར་འཕྲིན་དྲ་གནས་(The Health Site)ཐོག་གནས་ཚུལ་སྤེལ་གསལ། ལོ་རེའི་སྤྱི་ཟླ་12ཚེས་1ཉིན་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོར་སྲུང་བརྩི་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་སྔར་ལྟར་མིན་པར་རྒྱལ་ཁབ་ཁག་སོ་སོའི་ནང་དུ་གཉན་ནད་རེག་དུག་གི་ནད་པ་གྲངས་ཇི་ཡོད་སོགས་ཕྱི་གསལ་ནང་གསལ་དུ་འགྱུར་བཞིན་ཡོད་སྐོར་བརྗོད། རྒྱ་གར་གཉན་ནད་རེག་དུག་སྟངས་འཛིན་ལྷན་ཚོགས་(NACO)ཀྱི་སྙན་ཐོ་ལྟར་ན། སྤྱི་ལོ་2016དང་2015གཉིས་སུ་རྒྱ་གར་ནང་སྐྱེས་པའི་ཁྲོད་གཉན་ནད་རེག་དུག་ཁྱབ་གདལ་འགྲོ་ཚད་བརྒྱ་ཆ་0.30%ཡིན་པ་དང་། བུད་མེད་ཁྲོད་བརྒྱ་ཆ་0.22%ཆགས་ཀྱི་ཡོད་པ་རེད་འདུག

སྙན་ཐོ་དེ་ཉིད་ལྟར་ན་སྤྱི་ལོ་2003ནས་སྤྱི་ལོ་2015བར་རིམ་པས་རྒྱ་གར་ནང་གི་གཉན་ནད་རེག་དུག་གི་ཁྱབ་གདལ་འགྲོ་ཚད་དམའ་རུ་འགྲོ་བཞིན་ཡོད་པར་གསལ་འདུག དེ་ཡང་སྤྱི་ལོ་2001-2003བར་0.38%དང་། སྤྱི་ལོ་2007ལོར་0.28% སྤྱི་ལོ་2012ལོར་0.26%བཅས་རིམ་པར་བརྒྱ་ཆ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པར་གསལ། གཤམ་ནས་ང་ཚོས་ངེས་པར་དུ་ཤེས་དགོས་པའི་རྒྱ་གར་ནང་གི་གཉན་ནད་རེག་དུག་འབྲེལ་ཡོད་གནས་ཚུལ་ཁག་ཅིག་ངོ་སྤྲོད་བྱ་རྒྱུ་ཡིན།

གནད་ནད་རེག་དུག་བཀག་སྡོམ་བྱ་རྒྱུའི་ལས་འགུལ།#Zero AIDS, Stop AIDS, Keep the promise.

དང་པོ། སྤྱི་ལོ་2015ལོར་རྒྱ་གར་ནང་དུ་གཉན་ནད་རེག་དུག་གི་གོམ་པ་དང་པོའི་ནད་འབུ་HIVའགོས་ཟིན་པ་ཁྱོན་མི་གྲངས་ས་ཡ་2.11ཡོད་འདུག དེ་ལྟར་ན་སྤྱི་ལོ་2007ལོའི་གཉན་ནད་རེག་དུག་གི་གོམ་པ་དང་པོའི་ནད་འབུ་HIVའགོས་ཟིན་པ་མི་གྲངས་ས་ཡ་2.2ནས་སྤྱི་ལོ་2015ལོར་ས་ཡ་2.1བར་ཆག་ཡོད་པ་རེད་འདུག (གྲངས་ཚད་དེ་དག་གི་ནང་ནས་ཆ་སྙོམ་གྱི་རང་ལོ་15འོག་ལ་ནད་འབུ་HIVའགོས་ཚད་བརྒྱ་ཆ་6.54%ཆགས་ཀྱི་ཡོད་འདུག)

གཉིས་པ། གཉན་ནད་རེག་དུག་ཐེབས་རྩ་ལྷན་ཚོགས་ཀྱི་སྙན་ཐོ་ལྟར་ན་སྤྱི་ལོ་2016ལོར་རྒྱ་གར་ནང་གཉན་ནད་རེག་དུག་གི་གོམ་པ་དང་པོའི་ནད་འབུ་HIVའགོས་ཟིན་པའི་ནད་པ་གསར་པ་གྲངས་80,000ཐོན་འདུག དེ་ལྟར་ན་སྤྱི་ལོ་2015ལོའི་ནད་པ་གསར་པའི་གྲངས་ཚད་86,000ལས་80,000བར་ཆག་ཡོད་འདུག

གསུམ་པ། ད་ལྟའི་ཆར་རྒྱ་གར་ནང་གཉན་ནད་རེག་དུག་གི་གོམ་པ་དང་པོའི་ནད་འབུ་
HIVའགོས་ཟིན་པའི་མི་གྲངས་ཁྱོན་ས་ཡ་2.1གནས་མུས་ཡིན་པ་དང་། གྲངས་ཚད་དེར་གཞིགས་ན་ད་སྐབས་རྒྱ་གར་ནི་འཛམ་གླིང་ནང་གི་གཉན་ནད་རེག་དུག་HIV/AIDSགི་ནད་ཕོག་པའི་མི་གྲངས་མང་ཤོས་ཨང་རིམ་གསུམ་པ་དེ་ཉིད་དུ་གྱུར་སྐོར་གླེང་། སྤྱིར་གཉན་ནད་རེག་དུག་གི་གོམ་པ་དང་པོའི་ནད་འབུ་HIVའགོས་ཟིན་པ་རྣམས་ལ་གཞུང་ཕྱོགས་ནས་ནད་འབུ་སྟངས་འཛིན་གྱི་སྨན་བཅོས་མཐུན་རྐྱེན་སྦྱོར་བཞིན་ཡོད་མོད། སྤྱི་ཚོགས་ནང་ནད་པ་ཚོས་སྨན་ཁང་བསྟེན་གཏུག་གི་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་ཡོད་པ་རེད་འདུག

འཛམ་གླིང་གཉན་ནད་རེག་དུག་ཉིན་མོར་ཨོ་སི་ཁྲུ་ལི་ཡའི་ནང་དུ་སྤེལ་བཞིན་པའི་ལས་འགུལ་གྱི་རྣམ་པ།#Say no to AIDS. Prevention is better than cure, when especially something has no cure.

བཞི་པ། རྒྱ་གར་ནང་གི་མཚན་འགྱུར་དང་མ་ནིང་གི་སྡེ་ཚན་ནང་དུ་གཉན་ནད་རེག་དུག་ཕོག་ཚད་ཀྱི་ཆ་སྙོམ་གྲངས་ཚད་མཐོན་པོར་སོན་ཡོད། འོན་ཀྱང་། སྐབས་དོན་འབྲེལ་ཡོད་སྨན་བཅོས་ཚན་པ་ཁག་ནས་ཁོང་ཚོར་དབྱེ་འབྱེད་དང་ངོས་ལེན་མ་བྱས་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

ལྔ་པ། གཉན་ནད་རེག་དུག་གི་གོམ་པ་དང་པོའི་ནད་འབུ་HIVའགོས་ཟིན་པ་རྣམས་ལ་རྒྱུན་ལྡན་གྱི་མི་གཞན་ནས་གློ་ནད་ཊི་སྦི་(Tuberculosis/结核)འགོས་རྒྱུའི་ཉེན་ཚབས་ལྡབ་26-31བར་ཆེ་བ་ཡོད། ད་ལྟའི་ཆར་རྒྱ་གར་ནང་དུ་གཉན་ནད་རེག་དུག་དང་གློ་ནད་ཊི་སྦི་གཉིས་ཀ་ལྷན་དུ་ཕོག་པའི་ནད་པའི་གྲངས་ཚད་ཀྱི་སྙན་ཐོ་ཁ་གསལ་ཞིག་མེད་མོད། འབྲེལ་ཡོད་ཚན་པ་ཁག་གི་ཞིབ་འཇུག་གྲུབ་དོན་ལྟར་ན་སྐབས་དོན་གནས་ཚུལ་དེར་དམིགས་བསལ་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་སྐོར་བརྗོད།

གཉན་ནད་རེག་དུག་ལས་གཡོལ་ཐབས་གཅིག་ཡོད་པ་ནི་འགྱིག་ཤུབས་བེད་སྤྱོད་བྱ་རྒྱུ་དེ་ཉིད་ཡིན།#A couple passes by the red ribbon, the international symbol for AIDS awareness, on the stairs during a campaign to mark World AIDS Day in Seoul, South Korea, Tuesday, Dec. 1, 2015.

དྲུག་པ། རྒྱ་གར་གྱི་མངའ་སྡེ་དུ་མའི་གཉན་ནད་རེག་དུག་སྟངས་འཛིན་ཚོགས་པའི་དཀའ་ངལ་ཆེ་ཤོས་ཤིག་ནི། འགྱིག་ཤུབས་(Condom/避孕套)མི་འདང་བ་དང་ཉུང་དྲགས་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག སྐབས་དོན་རྒྱ་གར་གྱི་འབྲེལ་ཡོད་ཞིབ་འཇུག་ཚན་པ་ཁག་གཉིས་(NACP/MTR)ཀྱི་སྙན་ཐོ་ལྟར་ན་རྒྱ་གར་རྒྱལ་ཡོངས་ཀྱི་མི་འབོར་བརྒྱ་ཆ་16%ལ་མ་གཏོགས་འགྱིག་ཤུབས་བེད་སྤྱོད་བྱེད་རྒྱུ་འབྱུང་གི་མེད་པར་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

 

བོད་ཀྱི་དེ་ཕོ་གསར་ཁང་།