རྒྱལ་སྤྱིའི་བུད་མེད་དུས་དྲན། ལོ་རྒྱུས་ཤེས་བྱ།

0
711
བུད་མེད་དུས་དྲན་དང་བུད་མེད་ནུས་སྟོབས་གོང་སྤེལ་གཏོང་རྒྱུ་ནི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གལ་གནད་དོར་ཐབས་མེད་པ་ཞིག་རེད། དེ་བས་བུད་མེད་ཀྱིས་བུད་མེད་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུ་ནི་བུད་མེད་ཀྱི་ལས་འགན་དོར་ཐབས་མེད་པ་ཞིག་ཀྱང་རེད།

བོད་ཀྱི་དེ་ཕོ་བོད་ཡིག་རྒྱུན་ཤེས།
སྤྱི་ལོ་2018ཟླ་3ཚེས་8ཉིན།

དེ་རིང་ནི་སྤྱི་ཟླ་3ཚེས་8དང་འཛམ་གླིང་གི་ས་ཕྱོགས་གང་སར་བུད་མེད་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད། འོན་ཀྱང་། ང་ཚོས་བུད་མེད་དུས་དྲན་དེ་ཉིད་ཆེས་ཐོག་མར་འགོ་འཛུགས་ཇི་ལྟར་བྱུང་ཡོད་མིན་གྱི་ལོ་རྒྱུས་རྒྱབ་ལྗོངས་ཅུང་ཙམ་ཤེས་པར་བྱ་བ་ནི་དུས་དྲན་དང་དུས་ཆེན་གང་ཞིག་སྲུང་བརྩི་བྱ་རྒྱུའི་ཆ་རྐྱེན་ཐོག་མ་ལྟ་བུར་མཐོང་། དེར་བརྟེན་ང་ཚོས་ལྷན་དུ་བུད་མེད་དུས་དྲན་གྱི་བྱུང་རབས་ལ་རོབ་ཙམ་ལྟ་བར་བྱའོ།།

སྐབས་དོན་ཐ་སྙད་བཀོལ་སྤྱོད་ཐད་ནས་གླེང་ཙམ་བྱས་ན། དུས་དྲན་དང་དུས་ཆེན་གཉིས་ཀྱི་ཁྱད་པར་ཧ་ཅང་ཆེན་པོ་ཡོད་ཅིང་། ང་ཚོས་ཐ་སྙད་དེ་གཉིས་ཀྱི་གདོད་ནས་ཡོད་པའི་གོ་བ་དག་མ་དེར་བསམ་གཞིགས་ཅུང་ཙམ་ཡང་བྱེད་མི་དགོས་པར་སྲུང་བརྩི་ཞུ་ལུགས་ཀྱི་རྣམ་པ་གསལ་པོ་ཞིག་བློ་ངོར་འཆར་ངེས་རེད། དེ་ལྟར་བརྗོད་དོན་དངོས་ལ་ཞུགས་ན་སྤྱི་ལོ་1909ཟླ་2ཚེས་28ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་(New York/纽约)ཏུ་ཆེས་ཐོག་མར་བུད་མེད་དུས་དྲན་སྲུང་བརྩི་ཞུས་འདུག སྐབས་དེར་རྒྱལ་སྤྱིའི་བུད་མེད་དུས་དྲན་གྱི་མིང་བྱང་མེད་ཅིང་། དུས་ཚོད་ཀྱང་སྤྱི་ཟླ་2ཚེས་28ཉིན་ཁེལ་གྱི་ཡོད། (བོད་ཡིག་ནང་དུ་ཐོན་ཟིན་པའི་སྐབས་དོན་འབྲེལ་ཡོད་ཀྱི་རྩོམ་ཡིག་ཕལ་མོ་ཆེའི་ནང་ནེའུ་ཡོག་གི་བུད་མེད་དུས་དྲན་སྲུང་བརྩེའི་དུས་ཚོད་ཟླ་3ཚེས་8ཉིན་བྲིས་འདུག་པ་ནི་འཁྲུལ་བ་བྱུང་འདུག)

སྤྱི་ལོ་1917ཟླ་3ཚེས་8ཉིན་ཨུ་རུ་སུའི་རྒྱལ་ས་རྙིང་པར་བུད་མེད་རྣམས་ཀྱིས་བག་ལེབ་དང་ཞི་བདེའི་གོམ་བགྲོད་བྱེད་བཞིན་པ།#Women’s demonstration for bread and peace -March the 8th, 1917, Petrograd, Russia.

སྤྱི་ལོ་1910ལོར་རྒྱལ་སྤྱིའི་བུད་མེད་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་སྤྱི་ཟླ་3ཚེས་8ཉིན་རྒྱལ་སྤྱིའི་བུད་མེད་དུས་དྲན་ལ་གཏན་ཁེལ་བྱ་རྒྱུའི་བསམ་འཆར་བཏོན་ཡོད། ཕྱོགས་གཞན་ནས་སྤྱི་ལོ་1917ཟླ་3ཚེས་8ཉིན་ཨུ་རུ་སུ་ཆེན་པོའི་སྲིད་གཞུང་གིས་བུད་མེད་ལ་འོས་ཤོག་བླུག་རྒྱུའི་ཐོབ་ཐང་སྤྲད་པ་དང་། དེ་ཉིན་ནས་བཟུང་སྤྱི་ཟླ་3ཚེས་8ནི་ཡུལ་དེ་གའི་གཞུང་འབྲེལ་དུས་དྲན་དུ་གྱུར།  དེ་ལྟར་སྤྱི་ཚོགས་རིང་ལུགས་དབང་སྒྱུར་གྱི་རྒྱལ་ཁབ་དེ་ཉིད་དུ་ཐོག་མར་གསུམ་བརྒྱད་བུད་མེད་ངལ་རྩོལ་དུས་དྲན་ཞེས་སྲུང་བརྩི་ཞུས། འོན་ཀྱང་། གསུམ་བརྒྱད་བུད་མེད་དུས་དྲན་དེ་ཉིད་ཡུན་རིང་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དུས་དྲན་དུ་གྱུར་མེད། དེ་དོན་སྐབས་དེའི་སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་ལྟ་བའི་ཁྱད་པར་འོག་དུས་དྲན་དེ་ཉིད་ནུབ་ཕྱོགས་ཁག་ཏུ་རྒྱ་ཁྱབ་མ་ཕྱིན་པར་ལུས་པར་གསལ།

མཐར་ལོ་ངོ་58རྗེས་ཏེ་སྤྱི་ལོ་1975ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འབེབས་འོག་ལོ་རེའི་སྤྱི་ཟླ་3ཚེས་8ཉིན་རྒྱལ་སྤྱིའི་བུད་མེད་དུས་དྲན་སྲུང་བརྩི་ཞུ་རྒྱུར་ཐག་ཆོད་བྱུང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དགོངས་དོན་དུ་ཉིན་དེ་ནས་འཛམ་གླིང་ཁྱོན་ལ་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་ལ་ངོས་འཛིན་རྣམ་དག་བྱ་རྒྱུའི་ཉིན་མོ་དང་། འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་བཟང་པོ་བཅས་གནད་དོན་དེ་གཉིས་ཀྱི་ཐོག་ནས་རྒྱལ་སྤྱིའི་བུད་མེད་དུས་དྲན་གཏན་འབེབས་དང་སྲུང་བརྩི་ཞུ་འགོ་བཙུགས་པ་ཡིན་ཞེས་བསྒྲགས་འདུག

བུད་མེད་ཚོས་གླ་ཕོགས་སྤར་རྒྱུའི་དགོས་འདུན་འོག་ངོ་རྒོལ་བྱེད་བཞིན་པ། པར་དེ་ཉིད་ཀྱི་དུས་ཚོད་དང་ས་གནས་མི་གསལ། #The earliest Women’s Day observance, called “National Woman’s Day,” was held on February 28, 1909 in New York.

དེ་ལྟར་ལོ་ལྟར་རྒྱལ་སྤྱིའི་བུད་མེད་དུས་དྲན་དེ་ཉིད་སྲུང་བརྩི་ཞུ་ལུགས་རྣམ་པ་འདྲ་མིན་འབྱུང་གིན་འདུག་ཅིང་། སྤྱི་ལོ་2010ལོར་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པས་གཡུལ་སར་ཚུད་པའི་བུད་མེད་དག་གི་དཀའ་ཚེགས་ལ་རྒྱལ་སྤྱིས་དོ་སྣང་དང་དོ་ཁུར་ཇེ་མང་འཐོབ་རྒྱུའི་ལས་འགུལ་སྤེལ་བ་དང་། སྤྱི་ལོ་2011ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྲིད་དུས་སྐབས་བུད་མེད་དུས་དྲན་སྲུང་བརྩི་ཞུས་ཏེ་ལོ་ངོ་ཧྲིལ་པོ་100འཁོར་བའི་དུས་དྲན་གཞི་རྒྱ་ཆེན་པོ་ཞིག་ཨ་རིར་གོ་སྒྲིག་ཞུས་ཏེ། ཁྱོན་འཛམ་གླིང་རྒྱལ་ཁབ་100ལྷག་གིས་དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་བྱུང་འདུག དེ་ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ལྕམ་སྐུ་ཀི་ལིན་ཊོན་(Hilary Clinton)གྱིས་བྱས་པ་ཅན་གྱི་བུད་མེད་100གདན་དྲངས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བུད་མེད་ཀྱི་རང་འགུལ་ནུས་སྟོབས་གོང་འཕེལ་གྱི་ཐད་ལས་གཞི་གསར་དུ་བཙུགས། དེ་མཚུངས་དེ་ཉིན་ཨོ་སི་ཁྲུ་ལི་ཡའི་གཞུང་གིས་བུད་མེད་དུས་དྲན་སྲུང་བརྩི་ཞུས་ནས་ལོ་ངོ་ཧྲིལ་པོ་100འཁོར་བའི་མཚོན་རྟགས་ཅན་གྱི་སྐར་ཉི་ཤུའི་དོང་ཙེ་ཡང་བཟོས་འདུག

སྤྱི་ལོ་2012ལོར་གྲོང་གསེབ་དང་ལུང་ཁུག་ཁག་གི་བུད་མེད་རྣམས་ཀྱི་ནུས་སྟོབས་གོང་སྤེལ་གཏོང་རྒྱུ། བཀྲེས་ལྟོག་དང་དབུལ་ཕོངས་ཀྱི་གནས་ལས་གྲོལ་ཐབས་བྱ་རྒྱུའི་ལས་འགུལ་གྱི་སྣེ་བླངས་ཡོད་པ་རེད་འདུག དེ་བཞིན་དམག་འཁྲུག་ཁྲོད་ཡུགས་མོར་གྱུར་བའི་བུད་མེད་རྣམས་ལ་དམིགས་བསལ་ལྟ་རྟོགས་དང་རོགས་སྐྱོར་ཡོང་བ་བྱ་རྒྱུ། དེ་བཞིན་དཀའ་ངལ་འཕྲད་བཞིན་པའི་བུད་མེད་དག་ལ་དཀའ་ཚེགས་འཕར་མ་འགོག་ཐབས་བྱ་རྒྱུ་སོགས་ཀྱི་ལས་འགུལ་སྤེལ་ཡོད། མདོར་ན་རྒྱལ་སྤྱིའི་གྲུབ་འབྲས་ལྡན་པའི་སྤྱི་ཚོགས་དག་གིས་དུས་དྲན་སྲུང་བརྩི་དང་ལས་འགུལ་སྤེལ་ལུགས་ནི་ཉིན་གཅིག་གི་སྐད་འབོད་དང་ཁྲོམ་སྐོར་མིན་པར། ཉིན་དེ་ནས་འགོ་བརྩམས་ཏེ་ལས་གཞི་མཐའ་འཁྱོལ་བ་ཞིག་གསར་འཛུགས་བྱ་རྒྱུ་དེ་ཡིན་པ་དེ་ཤེས་དགོས།  དེ་ལྟར་ལོ་རེར་བུད་མེད་དུས་དྲན་སྲུང་བརྩིའི་བརྗོད་བྱ་དང་དོན་སྙིང་མི་འདྲ་ཞིང་། དུས་དྲན་དེ་ཉིན་རྒྱལ་སྤྱིའི་ཚོགས་པ་ཆེ་ཆུང་འདྲ་མིན་གྱིས་ལས་འགུལ་སྣ་མང་འགོ་རྩོམ་བཞིན་ཡོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།