རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་དམག་མི་14དམར་གསོད་དང་53རྨས། ཐད་སྤེལ།

0
1465
རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་དམག་མིས་སྐོར་སྲུང་བྱེད་བཞིན་པ། དེ་རིང་གི་འདྲ་པར་མ་རེད།#UN peacekeepers on patrol in DR Congo.

ཨ་ཧྥི་རི་ཁ། ཀོང་གྷོ། སྤྱི་ལོ་2017ཟླ་12ཚེས་8ཉིན། ད་ལྟ་རང་ཨ་རིའི་རྒྱལ་སྤྱིའི་CNNགསར་ཁང་སོགས་ཀྱིས་ཐད་སྟོན་ཛ་དྲག་གི་གནས་ཚུལ་སྤེལ་བཞིན་པ་ནི། ཨ་ཧྥི་རི་ཁའི་དབུས་སུ་ཆགས་པའི་ཀོང་གྷོ་སྤྱི་མཐུན་རྒྱལ་ཁབ་(DR Congo)ཀྱི་ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་མིར་གློ་བུར་བའི་དྲག་རྒོལ་ཕོག་སྟེ། ཁྱོན་དམག་མི་14ས་གནས་སུ་དམར་གསོད་དང་། དམག་མི་གྲངས་53ལྷག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་བཞིན་འདུག

དྲག་རྒོལ་དེ་ཉིད་སྤེལ་མཁན་ནི་ཡུལ་དེ་གའི་གཞུང་རྒོལ་དང་བླངས་དམག་མི་ཡིན་པར་བརྗོད་ཅིང་། ད་ལན་གྱི་དྲག་རྒོལ་དེ་ཉིད་ནི་ལོ་རྒྱུས་ཁྲོད་རྒྱལ་ཚོགས་ལ་ངོ་རྒོལ་གྱི་དྲག་རྒོལ་ཐེངས་གཅིག་གི་འོག་རྒྱལ་ཚོགས་དམག་མི་ཤི་རྨས་མང་ཤོས་བྱུང་བའི་གནས་ཚུལ་དུ་གྱུར་འདུག གནས་ཚུལ་དེའི་ཐད་ད་ལྟ་ཀོང་གྷོ་སྤྱི་མཐུན་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་སྐུ་ཚབ་ཀྱིས་བརྗོད་དོན།“དྲག་རྒོལ་དེ་ཉིད་འོག་ཤི་རྨས་བྱུང་བའི་རྒྱལ་ཚོགས་བདེ་སྲུང་དམག་མི་ཕལ་མོ་ཆེ་ཨ་ཧྤི་རི་ཁའི་ ཤར་ཁུལ་རྒྱལ་ཁབ་ཏཱན་ཛ་ནི་ཡ་(Tanzania)ནས་ཡིན་འདུག་པ་དང་། ཀོང་གྷོའི་གཞུང་དམག་5བཅས་ཚུད་འདུག དེ་རིང་གི་དྲག་རྒོལ་དེ་ནི་དངོས་གནས་ཧ་ཅང་ཚབས་ཆེ་ཞིག་དང་། ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་དྲག་རྒོལ་ཆེས་ཛ་དྲག་ཤོས་ཤིག་རེད།”ཅེས་བརྗོད།

འཇིགས་ཞུམ་སྤུ་ཙམ་མེད་པར་བརྗོད་པའི་ཡུལ་དེ་གའི་གཞུང་རྒོལ་དང་བླངས་དམག་མི།#Deadliest rebel groups in DR Congo

ས་གནས་རླུང་འཕྲིན་གསར་ཁང་ཞིག་གིས་རྒྱལ་སྤྱིའི་གསར་འགོད་པར་འགྲེལ་བརྗོད་བྱས་དོན་ལྟར་ན།“དེ་རིང་གི་གློ་བུར་དྲག་རྒོལ་དེ་ཉིད་ཁྱོན་ཆུ་ཚོད་བཞི་ཙམ་གནས་ཤིང་། རྒྱལ་ཚོགས་དམག་མི་དག་གིས་ཀྱང་ཚུར་རྒོལ་འགོག་ཐབས་དེ་ཙམ་བྱ་ཐུབ་མེད་སྐོར་བརྗོད་བཞིན་འདུག“ཅེས་བརྗོད། སྤྱིར་ཀོང་གྷོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་ནི་ཡོ་རོབ་ནུབ་མའི་ས་ཁྱོན་ལས་ལྷག་ཡོད་པ་དང་། ཡུལ་དེ་གའི་རང་བྱུང་གཏེར་ཁའི་འཐབ་རྩོད་འོག་གཞུང་དང་། སྒེར། དྲག་སྤྱོད་ཚོགས་པ། གཞུང་རྒོལ་དང་བླངས་དམག་ཚོགས་བཅས་ཀྱི་བར་དུ་སྡེ་གཟར་ཆད་མེད་དུ་འབྱུང་བཞིན་ཡོད་འདུག

ལོ་རྒྱུས་ཡིག་ཚགས་ཁག་ན་གསལ་དོན་ལྟར་ན་སྤྱི་ལོ་1999ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་མི་ཡུལ་དེ་གར་གཏན་སྡོད་བྱ་འགོ་ཚུགས་པར་གསལ། དུས་དེ་ནས་ད་བར་ཁྱོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་མི་ཁྱོན་300ལྷག་ཡུལ་དེ་གའི་ནང་དུ་རང་སྲོག་ཤོར་ཟིན་འདུག རྒྱལ་ཚོགས་ཀྱི་དམག་མི་དེ་དག་གསོད་མཁན་ནི་ཡུལ་དེ་གའི་གཞུང་རྒོལ་དང་བླངས་དམག་ཚོགས་ཡིན་པར་བརྗོད་ཅིང་། ཁོང་ཚོའི་གཞུང་རྒོལ་དམག་ཚོགས་དེ་ཉིད་སྤྱི་ལོ་1990ལོ་ནས་ད་བར་རྒྱུན་གནས་ཐུབ་སྟེ་དར་རྒྱས་ཀྱང་འགྲོ་མུས་ཡིན་སྐོར་གླེང་བཞིན་འདུག

ཀོང་གྷོ་སྤྱི་མཐུན་རྒྱལ་ཁབ་དང་ཉེ་འབྲེལ་རྒྱལ་ཁབ་རྣམས་ཀྱི་ས་ཁྲ།#Democratic Republic of the Congo’s Map and its neighbor countries.

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།