རྒྱ་ནག་གིས་བལ་ཡུལ་བར་གཞུང་ལམ་གསར་པ་སྒོ་འབྱེད་དང་དེའི་ཁྱད་ཕན། རྒྱ་གར་གྱི་དོགས་ཟོན།

0
2373
རྒྱ་ནག་རྒྱལ་ཡོངས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་19པ་དེ་ཉིད་སྤྱི་ལོ་2017ཟླ་10ཚེས་18ཉིན་འཚོགས་གཏན་ཁེལ་ཡོད།#The 19th National Congress of the Communist Party of China will be held in Beijing, People's Republic of China, opening on 18 October 2017.

རྒྱ་ནག པེ་ཅིན། སྤྱི་ལོ་2017ཟླ་9ཚེས་19ཉིན། མདང་དགོང་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་NDTVགཙོས་གསར་ཁང་ཆེ་གྲས་ཕལ་མོ་ཆེས་གནས་ཚུལ་སྤེལ་གསལ། བདུན་གོང་མའི་གཟའ་མཇུག་ཏུ་རྒྱ་ནག་གིས་བོད་ནས་བལ་ཡུལ་ས་མཚམས་བར་གཞུང་ལམ་ཆེ་གྲས་གསར་པ་ཞིག་སྒོ་འབྱེད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། གནས་ཚུལ་དེའི་ཐད་ད་སྐབས་རྒྱ་གར་གྱི་ཆབ་སྲིད་མཁས་པ་དང་བདེ་སྲུང་ཉམས་ཞིབ་པས་གླེང་སློང་འདྲ་མིན་བྱ་འགོ་ཚུགས་ཤིང་། ད་ལན་རྒྱ་ནག་གིས་མཐོ་སྒང་བོད་ཁུལ་བརྒྱུད་བལ་ཡུལ་བར་གཞུང་ལམ་ཆེ་གྲས་གསར་བཟོ་བྱས་པ་ནི་བེད་སྤྱོད་ཉིས་ལྡན་ཡོང་བའི་དམིགས་ཡུལ་བཟུང་ཡོད་སྐོར་བརྗོད་བཞིན་འདུག དེ་ཡང་རྒྱུན་ལྡན་འགྲིམ་འགྲུལ་གྱི་བེད་སྤྱོད་དང་། དགོས་མཁོར་ཐུག་ཚེ་ཛ་དྲག་གི་དམག་དོན་ཐད་བེད་སྤྱོད་ཡོང་བ་བྱ་རྒྱུའི་འཆར་གཞི་ལྡན་ཡོད་རབས་བརྗོད།

གནས་ཚུལ་དེའི་ཐད་རྒྱ་གར་ཕྱོགས་ཀྱི་རྒྱ་ནག་སྲིད་བྱུས་ཆེད་ལས་ཉམས་ཞིབ་པ་འགས་བརྗོད་དོན་ལྟར་ན། ད་ལན་རྒྱ་ནག་གིས་བཟོས་པའི་གཞུང་ལམ་ཆེ་གྲས་དེ་ནི་པེ་ཅིན་གྱིས་ལྷོ་ཤར་ཨེ་ཤི་ཡའི་ནང་དུ་བཙན་མཆོང་བྱ་རྒྱུའི་རྒྱལ་སྒོ་ཕྱེས་པ་ཞིག་རེད་ཅེས་བརྗོད་འདུག དེ་མཚུངས་ད་ལན་རྒྱ་ནག་གིས་གཞུང་ལམ་གསར་བཟོ་དེ་ཉིད་བརྒྱུད་རྒྱ་ནག་གི་གྲོང་ཁྱེར་ཆེན་མོ་ཧྲང་ཧེ་ནས་ཐད་ཀར་བལ་ཡུལ་བར་གཞུང་ལམ་ཆེ་གྲས་ཀྱི་མཐུད་ཚད་ལེགས་གྲུབ་ཟིན་ཡོད་པ་དང་། སྐབས་དོན་རྒྱ་ནག་གི་ཨང་རྟགས་G318ཅན་གྱི་གཞུང་ལམ་དེ་ཉིད་ཀྱི་འབྲེལ་མཐུད་རིང་ཚད་སྤྱི་ལེ་5476kmགི་ལས་གྲྭ་ཡོངས་སུ་གྲུབ་ཟིན་པར་བརྗོད། དེ་ཡང་མདུན་སྔོན་མའི་རེས་གཟའ་པ་སངས་ཉིན་གཞིས་ཀ་རྩེའི་ཞི་བདེ་གནམ་ཐང་ནས་གཞིས་ཀ་རྩེའི་གྲོང་ཁྱེར་བར་དུ་རྒྱང་ཐང་སྤྱི་ལེ་40.4kmཡོད་པའི་གཞུང་ལམ་གསར་པ་སྒོ་འབྱེད་བྱས་ཡོད་འདུག

རྒྱ་ནག་གི་ཨང་རྟགས་G318ཅན་གྱི་གཞུང་ལམ་དེ་ཉིད་ཀྱི་འབྲེལ་མཐུད་རིང་ཚད་སྤྱི་ལེ་5476kmདང་། ཧྲང་ཧེ་ནས་བོད་བརྒྱུད་བལ་ཡུལ་བར་ཐུག་ཡོད།#The new road connects the 5,476-kilometre G318 highway from Shanghai to the Nepal border.

རྒྱ་ནག་གི་གཞུང་འབྲེལ་གསར་ཁང་རྒྱལ་སྤྱིའི་དུས་བབ་ (Global Times/环球时报)ཀྱི་ཐོག་གནད་དོན་དེའི་ཐད་འགྲེལ་བརྗོད་བྱས་དོན། “ང་ཚོའི་གཞུང་ལམ་གསར་པ་དེས་ལྷོ་ཤར་ཨེ་ཤི་ཡའི་ནང་དུ་རྒྱ་ནག་གི་དཔལ་འབྱོར་ནུས་ཤུགས་དང་། བདེ་སྲུང་ནུས་ཤུགས་གཉིས་ཀ་མདུན་སྐྱོད་བྱ་རྒྱུའི་ལམ་ཆེན་གསར་དུ་གཏོད་ཡོད། དེ་བཞིན་ད་སྐབས་བོད་ནས་བལ་ཡུལ་ས་མཚམས་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་ཐད་འབད་འབུངས་བྱེད་བཞིན་ཡོད།”ཅེས་བརྗོད་འདུག ད་དུང་རྒྱ་ནག་གཞུང་ཕྱོགས་ནས་དེ་སྔོན་རྒྱ་གར་ལ་གསལ་བརྡ་བཏང་སྟེ་བརྗོད་དོན། “ང་ཚོའི་གཞུང་ལམ་གསར་བཟོའི་ལས་གཞི་དེ་ཉིད་དོན་དངོས་དང་མཐུན་པའི་ལས་གཞི་ཞིག་ཆགས་ཀྱི་ཡོད། གལ་སྲིད་རྒྱ་གར་གིས་མཉམ་ཞུགས་འབྱུང་ཚེ་གཞུང་ལམ་དེ་ཉིད་ངེད་རྒྱ་དཀར་ནག་གི་རྒྱལ་ཁབ་གཉིས་པོའི་སྐམ་རྒྱུད་ཚོང་ལམ་དུ་འགྱུར་གྱི་རེད།”ཅེས་བརྗོད་པའི་གནས་ཚུལ་བྱུང་ཡོད།

ད་སྐབས་རྒྱ་ནག་གིས་ལྷ་ས་བརྒྱུད་གཞིས་རྩེ་བར་མེ་འཁོར་ཤར་གཏོང་ཟིན་པའི་ཐོག  གཞིས་རྩེའི་གནམ་ཐང་ནས་བལ་ཡུལ་བར་རྒྱང་ཐག་ཧ་ཅང་ཉེ་དུ་བཏང་ཟིན། མ་ཟད། གཞུང་ལམ་ཨང་རྟགས་G318ཅན་བརྒྱུད་ལྷ་ས་ནས་ཐད་ཀར་བལ་ཡུལ་གྱི་ས་མཚམས་གྲོང་བརྡལ་འགྲམ་བར་དུ་སྟབས་བདེའི་ངང་འགྲུལ་བཞུད་ཐུབ་པ་བཟོས་ཡོད་པ་རེད་འདུག གནས་ཚུལ་དེའི་ཐད་རྒྱ་ནག་ཧྲང་ཧེ་རྒྱལ་སྤྱིའི་རིག་པའི་སློབ་ཆེན་གྱི་འགན་འཛིན་སྐུ་ཞབས་ཀྲའོ་ཀན་ཁྲང་(Zhao Gancheng/赵干城)ལགས་ཀྱིས་བརྗོད་དོན། “གཞུང་ལམ་ཨང་རྟགས་ G318ཅན་དེ་ཉིད་བརྒྱུད་རྒྱ་ནག་གིས་རྒྱ་བལ་ས་མཚམས་བརྒལ་ཏེ་རྒྱལ་ཁབ་གཉིས་ཀྱི་བར་དུ་མེ་འཁོར་ལྕགས་ལམ་འབྲེལ་མཐུད་ཡོང་བ་བྱ་ཐུབ་ཀྱི་རེད།”ཅེས་བརྗོད།

རྒྱ་ནག་གི་གཞུང་འབྲེལ་རྒྱལ་སྤྱིའི་དུས་བབ་ཐོག་བོད་ནང་གི་གཞུང་ལམ་གྱིས་ལྷོ་ཤར་ཨེ་ཤི་ཡ་རྒྱ་ནག་གི་ཕྱོགས་སུ་སྒོ་ཕྱེས་ཡོད་ཅེས་བཀོད་ཡོད།#Highway in Tibet opens South Asia to China.

ད་ལྟའི་ཆར་རྒྱ་གར་གྱིས་ཕྱོགས་ཀུན་ནས་དོགས་ཟོན་བྱེད་བཞིན་པ་ནི། རྒྱ་ནག་གི་བོད་དང་བལ་ཡུལ་བར་དུ་མཐུད་པའི་གཞུང་ལམ་ཨང་རྟགས་ G318ཅན་དེ་ཉིད་ཀྱི་མཇུག་མཚམས་གཅིག་བལ་ཡུལ་ས་མཚམས་འགྲམ་གྲོང་བརྡལ་དུ་ཆགས་ཀྱི་ཡོད་ཀྱང་། མཇུག་མཚམས་གཞན་དེ་ཉིད་ལྷོ་ཁ་ཁུལ་ཉིང་ཁྲིར་ཁེལ་གྱི་ཡོད་སྐོར་གླེང་བཞིན་འདུག  དེ་ནི་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་ས་མཚམས་སུ་ཧ་ཅང་ཐག་ཉེར་བཅར་ཟིན་པས་རྒྱ་གར་གྱི་ས་མཚམས་བདེ་སྲུང་ཐད་རིམ་པས་གཟབ་ནན་དང་གླེང་སློང་དུ་མ་ཞིག་བྱེད་བཞིན་མཆིས། དེ་ཡང་ད་ལན་རྒྱ་ནག་གི་གཞུང་ལམ་གསར་བཟོ་དེའི་ཐད་ཀྱང་མདང་དགོང་ནས་ད་ལྟ་བར་ཁ་བྱང་འདྲ་མིན་འོག་གསར་འགྱུར་དཔྱད་བརྗོད་རྩོམ་ཡིག་རིམ་པས་ཐོན་ཞིང་། ཕལ་མོ་ཆེ་གཞུང་ལམ་དེ་ཉིད་དང་འབྲེལ་རྒྱ་གར་གྱི་བདེ་སྲུང་གནད་དོན་འབྲེལ་ཡོད་རེད་འདུག

སྤྱིར་རྒྱ་བལ་ཚོང་ལམ་འབྲེལ་མཐུད་ཀྱི་གནད་དོན་དེ་ནི་ན་ནིང་རྒྱ་ནག་གི་མཐུན་གྲོགས་ཡིན་པའི་བལ་ཡུལ་གྱི་སྲིད་བློན་ཟུར་པ་(KP Sharma Oli)སྐུ་ཞབས་ཤཱར་མ་ཨོ་ལི་ཡིས། རྒྱ་ནག་གིས་བལ་ཡུལ་བར་དུ་མེ་འཁོར་ལྕགས་ལམ་བཟོ་རྒྱུའི་འབད་འབུངས་བྱ་རྒྱུར་ཁས་ལེན་དང་། རྒྱ་བལ་གཉིས་ཀྱི་ས་མཚམས་ཚོང་ལམ་གྱི་གན་རྒྱ་དུ་མ་ཞིག་ལ་ས་རྟགས་བཀོད་ཡོད་པ་རེད། སྐབས་དེ་ནི་རྒྱ་གར་དང་བལ་ཡུལ་གྱི་བར་དུ་ཚོང་ཟོག་བཀག་སྡོམ་གྱི་དཀའ་ངལ་འཕྲད་བཞིན་པའི་དུས་ཡིན་པས། གོ་སྐབས་དེ་དང་བསྟུན་བལ་ཡུལ་གྱི་རྒྱ་ཕྱོགས་སྲིད་བློན་ཟུར་པ་ཤཱར་མ་ཨོ་ལི་ཡིས་རྒྱ་ནག་ལ་གཞུང་སྒོ་ཇེ་ཆེར་ཕྱེས་རྒྱུ་དང་། རྒྱ་གར་ལ་བརྟེན་ཤུགས་ཇེ་ཆུང་ངུ་གཏོང་རྒྱུར་འབད་བརྩོན་ཤུགས་ཆེན་བྱས་ཡོད་པ་རེད་འདུག འོན་ཀྱང་། ཤཱར་མ་ཨོ་ལིའི་ཆབ་སྲིད་གྱི་གོ་གནས་རིམ་པས་ཡོངས་སུ་ཤོར་རྗེས་རྒྱ་ནག་གིས་བལ་ཡུལ་ནང་དུ་འཛུགས་སྐྲུན་ལས་གཞི་བརྒྱུད་དབང་ཤུགས་བརྒྱུད་སྤེལ་བྱེད་ཤུགས་འགོར་དུ་ཕྱིན་པར་བརྗོད།

ད་སྐབས་བོད་ལྗོངས་མཁའ་འགྲུལ་བརྒྱུད་རྒྱ་ནག་གི་གྲོང་ཁྱེར་ཁྲན་ཏུ་ནས་གཞིས་རྩེ་བར་ཆུ་ཚོད་2དང་སྐར་མ་35ནང་སྐྱེལ་འདྲེན་ཐུབ་ཀྱི་ཡོད་འདུག#Compared with the long distance ride, the Shigatse Peace Airport offers direct planes to Chengdu within 2.5h. The flying distance between Chengdu and Shigatse is 1,526km.

ད་ལན་རྒྱ་ནག་གིས་གསར་དུ་བཟོས་པའི་གཞིས་ཀ་རྩེའི་ཞི་བདེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་གཞུང་ལམ་དེ་ཉིད། ད་བར་བོད་ནང་དུ་བཟོས་པའི་བཞི་སྒྲིག་ལམ་ཆེན་ཐོག་མ་དེ་ཉིད་ཆགས་ཀྱི་ཡོད་པ་དང་། བོད་ལྗོངས་འགྲིམ་འགྲུལ་ལྷན་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་ཝི་ཆང་ཀའོ་(Wei Qianggao)ཡིས་བརྗོད་དོན་ལྟར་ན། “དེ་ནི་བོད་ནང་གི་གཞུང་ལམ་ཆེན་མོ་ངོ་མ་དང་པོ་དེ་ཉིད་ཡིན་པ་རེད། འབྱུང་འགྱུར་ཀྲུང་གོའི་དམར་ཤོག་ཚོགས་ཆེན་ཐེངས་19དེའི་བོད་ཁུལ་དུ་གནང་བའི་ལག་རྟགས་ཡིན།”ཞེས་བརྗོད་འདུག གཞུང་ལམ་དེའི་ཞེང་ཚད་ལ་མི་ཊར་25(meter)ཡོད་པ་དང་། བོད་ཁུལ་དུ་བཟོས་པའི་གཞུང་ལམ་དེ་རིགས་རྒྱལ་སྤྱིའི་ཚད་མཐོའི་སྤུས་ཀ་ལྡན་ཞིང་། གཞུང་ལམ་དེ་དག་གི་ཐོག་རྒྱུན་སྤྱོད་འགྲིམ་འགྲུལ་འཕྲུལ་འཁོར་ཕུད་དམག་དོན་གོ་མཚོན་འཕྲུལ་འཁོར་ལྕགས་ཁྲབ་འཁོར་ལོ་སོགས་ཀྱང་འགྲོ་རྒྱུག་ཐུབ་པ་དང་། དགོས་མཁོ་འབྱུང་ཚེ་གནམ་གྲུའི་འབབ་ཐང་དུའང་བེད་སྤྱོད་ཐུབ་ཀྱི་ཡོད་པར་བརྗོད།

རྒྱ་ནག་དང་བོད་ཁུལ་དུ་འཕུར་སྐྱོད་བྱེད་བཞིན་པའི་བོད་ལྗོངས་མཁའ་འགྲུལ་གནམ་གྲུ། #Tibet Airlines.

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།