རྒྱ་ནག་གིས་དམག་དོན་མ་དངུལ་སྤར་བ་དང་། དམག་གྲངས་ཉུང་བྲི། ཐད་སྤེལ།

0
1257
རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལེ་ལི་ཁེ་ཆང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཐོག་གཏམ་བཤད་སྒྲོགས་སྦྱང་གནང་བཞིན་པ།#“We will stick to the Chinese path in strengthening our armed forces, advance all aspects of military training and war preparedness,” Premier Li Keqiang said.

རྒྱ་ནག པེ་ཅིན། སྤྱི་ལོ་2018ཟླ་3ཚེས་5ཉིན། ད་ལྟ་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཤིན་ཧྭ་(Xinhua)གཙོས་རྒྱལ་སྤྱིའི་གསར་ལམ་གཞན་དུ་མ་ཞིག་ནས་གནས་ཚུལ་སྤེལ་བཞིན་པ་ནི། ད་ལྟ་འཚོགས་བཞིན་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གྲོས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལེ་ལི་ཁེ་ཆང་(李克强)གིས་ཐག་ཆོད་དྲིལ་བསྒྲགས་ཡིག་ཆ་སྒྲོགས་སྦྱང་གནང་དོན་ལྟར་ན། སྤྱི་ལོ་2018འདིར་རྒྱ་ནག་གི་དམག་དོན་མ་དངུལ་ཁྱོན་བརྒྱ་ཆ་8.1%སྤར་ཏེ། འདི་ལོའི་དམག་དོན་མ་དངུལ་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་$175ཟིན་ཡོད་སྐོར་བརྗོད་པའི་གནས་ཚུལ་ཐོན་བཞིན་འདུག

མ་དངུལ་དེ་ཉིད་ཀྱི་འོག་ནས་འདི་ལོར་རྒྱ་ནག་རང་ས་ནས་བཟོས་པའི་མཁའ་དམག་འགྱོགས་འདེགས་ཀྱི་གྲུ་ཆེན་གཉིས་པ་དེ་ཉིད་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། དེ་དང་ལྷན་དུ་མཁའ་ལམ་རྟོགས་ཞིབ་དྲ་བར་ཚུད་མ་ཐུབ་པའི་མཁའ་དམག་གནམ་གྲུ་གྲགས་ཅན་(Stealth Fighter)དེ་རིགས་བཟོ་སྐྲུན་བྱ་རྒྱུ། རྒྱང་སྐྱོད་གོ་མཚོན་འཕུར་མདའ་རྒྱ་སྐྱེད་བྱ་རྒྱུ། གནས་རིམ་མཐོ་བའི་དམག་རྩལ་སྦྱོང་བརྡར་སྤྲོད་རྒྱུ་སོགས་ཀྱི་འཆར་གཞི་རིམ་པས་བསྒྲིགས་ཡོད་པ་རེད་འདུག

ད་ཡོད་རྒྱ་ནག་གི་མཁའ་དམག་གནམ་གྲུ་མུ་མཐུད་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ཤུགས་ཆེན་བྱེད་བཞིན་ཡོད་སྐོར་བརྗོད།#This year as the China is preparing to launch its second aircraft carrier, integrating stealth fighters into its air force.

རྒྱ་ནག་གི་དམག་དོན་བདེ་སྲུང་ལས་འཆར་གྱི་མ་དངུལ་ལ་མཚོན་ན། ད་ལྟའི་ཆར་འཛམ་གླིང་ནང་གི་དམག་དོན་མ་དངུལ་མང་ཤོས་འཇོག་མཁན་ཨང་གཉིས་པ་དེ་ཉིད་ཆགས་ཀྱི་ཡོད། ཨ་རི་ནི་གཏན་འཇགས་ལྟ་བུར་འཛམ་གླིང་ནང་གི་དམག་དོན་མ་དངུལ་མང་ཤོས་འཇོག་མཁན་ཨང་དང་པོའི་མཚན་གནས་ཐོག་གནས་མུས་རེད། འདས་ལོ་ཁོ་ནར་ཨ་རིའི་དམག་དོན་མ་དངུལ་ཁྱོན་ཨ་སྒོར་ཐེར་འབུམ་$523.9ཆགས་ཀྱི་ཡོད་ཅིང་། སྤྱི་ལོ་2019ལོའི་འཆར་གཞིར་ཨ་རིའི་དམག་དོན་མ་དངུལ་ཁྱོན་ཨ་སྒོར་ཐེར་འབུམ་$716ལ་སྤར་འཆར་ཡོད་པ་རེད། དེ་ལྟར་ད་ལྟ་ཨ་རིས་ལག་བསྟར་བྱ་མུས་ཡིན་པའི་དམག་དོན་མ་དངུལ་གྱི་གྲངས་ཚད་དེ་ཉིད་དེ་རིང་རྒྱ་ནག་གིས་གསར་དུ་གཏན་འབེབས་བྱས་པའི་སྤྱི་ལོ་2018ལོའི་དམག་དོན་མ་དངུལ་ལས་ལྡབ་གསུམ་ཙམ་གྱིས་མང་བ་ཡོད་འདུག

དེ་རིང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་སྲིད་གྲོས་ཀྱི་འཐུས་མི་ཁྱོན་3000ཡོད་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཏམ་བཤད་སྤེལ་དོན།“ངེད་ཀྲུང་གོའི་ངོས་ནས་མུ་མཐུད་དམག་དོན་གྱི་ནུས་སྟོབས་རྒྱ་སྐྱེད་བྱ་རྒྱུར་དམ་པོར་འཐམ་ངེས་ཡིན་ལ། དམག་དོན་གྱི་ཁོར་ཡུག་ཁྱོན་ཡོངས་ནས་གོང་འཕེལ་གཏོང་རྒྱུར་འབད་བརྩོན་དང་། དམག་རྒྱག་གྲ་སྒྲིག་ནན་ཏན་བྱ་རྒྱུ་སོགས་ལ་འབད་ངེས་ཡིན།”ཞེས་བརྗོད་འདུག

ད་དུང་མུ་མཐུད་ཁོང་གིས་རྒྱ་ནག་གི་དམག་མིའི་གྲངས་འབོར་ཉུང་བྲི་བྱ་རྒྱུའི་ལས་འཆར་སྐོར་ནས་བརྗོད་དོན།“ངེད་རྒྱལ་ཁབ་ཀྱིས་དམག་མིའི་གྲངས་འབོར་ཉུང་བྲི་བྱས་པའི་ཚད་གཞིར་སོན་ཡོད། ད་སྐབས་ང་ཚོས་དམག་མི་གྲངས་300,000ཉུང་དུ་བཏང་ཟིན། དེ་ལྟར་ན་ད་སྐབས་ངེད་རྒྱལ་ཁབ་ལ་ཁྱོན་དམག་མི་གྲངས་ས་ཡ་2ཙམ་ལ་མར་བབས་ཡོད་པ་རེད།”ཅེས་བརྗོད་འདུག  དེ་ནི་རྒྱ་ནག་གིས་དེ་སྔའི་དམག་མིའི་གྲངས་འབོར་ཁྱོན་ས་ཡ་2.26ནས་ད་ལྟ་ས་ཡ་2བར་དུ་ཕབ་ཡོད་པ་རེད་འདུག འོན་ཀྱང་། རྒྱ་ནག་ནི་སྔར་བཞིན་འཛམ་གླིང་ནང་གི་དམག་མིའི་གྲངས་འབོར་མང་ཤོས་དེ་ཉིད་དུ་གནས་མུས་ཡིན་ཞིང་། ཨང་རིམ་གཉིས་པ་ནི་ཨ་རི་ཡིན་པ་དང་ཁྱོན་དམག་མི་གྲངས་ས་ཡ་1.3ཡོད་པ་རེད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།