རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཐུག་འཆར།

0
853
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི།#Chinese Foreign Minister Wang Yi.

རྒྱ་ནག པེ་ཅིན། སྤྱི་ལོ་2017ཟླ་12ཚེས་7ཉིན། དེ་རིང་རྒྱ་གར་གྱི་ཚོང་དོན་གནས་ཚུལ་གསར་ཁང་(Business Standard)གིས་གནས་ཚུལ་སྤེལ་གསལ། བདུན་ཕྲག་རྗེས་མའི་ནང་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱ་ནག་དང་། ཨུ་རུ་སུ། རྒྱ་གར་བཅས་ཀྱི་ཕྱི་འབྲེལ་གནས་ཚུལ་ཐད་ཚོགས་འདུ་ཆེ་གྲས་ཤིག་འཚོགས་འཆར་ཡོད་པ་རེད་འདུག སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་(Wang Yi/王毅)དང་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་དུ་མ་ཞིག་ཟུར་དུ་ཐུག་འཕྲད་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག

ད་ལན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་ཡོང་འཆར་འདི་བཞིན། དེ་སྔའི་ཉིན་གྲངས་73རིང་འབྲོག་ལམ་ས་གནས་ཀྱི་གདོང་ཐུག་གནས་ཚུལ་དེ་དང་དམིགས་བསལ་འབྲེལ་བ་ཡོད་སྐོར་གླེང་ཞིང་། ཕྱོགས་གཉིས་ཀྱི་མཐོ་རིམ་དབུ་ཁྲིད་བར་དུ་གནད་དོན་དུ་མ་ཞིག་གི་ཐད་གོ་བསྡུར་བྱ་འཆར་ཡོད་སྐོར་བརྗོད་བཞིན་འདུག སྤྱིར་ཟླ་འདིའི་ཚེས་11ཉིན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱལ་ཁབ་གསུམ་པོའི་ཕྱི་འབྲེལ་ཚོགས་འདུ་དེ་ཉིད་འགོ་འཛུགས་འཆར་ཡོད་པ་རེད་འདུག

ན་ནིང་སྤྱི་ཟླ་8ཚེས་13ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་རྒྱ་གར་གྱི་སྲིད་བློན་མོ་རྡི་ཐུག་འཕྲད་སྐབས།#Chinese Foreign Minister Wang Yi calls on PM Narendra Modi. August 13, 2016

གནས་ཚུལ་དེའི་ཐད་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀཱང་ཧྲོང་(Geng Shuang)གིས་འགྲེལ་བརྗོད་བྱས་དོན།“ཕྱི་འབྲེལ་བློན་ཆེན་ཝང་དབྱི་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུ་ཤཱི་མ་(Sushma Swaraj)ཐུག་འཕྲད་བྱ་འཆར་ཡོད། ད་དུང་། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་རོབ་(Sergey Lavrov)ཀྱང་ཐུག་འཕྲད་ཞུ་གི་རེད། དམིགས་བསལ་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་དུ་མ་ཞིག་དང་ཐུག་འཕྲད་བྱ་འཆར་ཡོད་པ་རེད། སྐབས་དོན་གནས་ཚུལ་གཞན་རྣམས་སྐབས་དེར་ཕྱིར་བསྒྲགས་བྱ་གི་རེད།”ཅེས་བརྗོད་འདུག

སྤྱིར་གོང་སྨྲོས་རྒྱལ་ཁབ་གསུམ་པོའི་ཕྱི་སྲིད་ཚོགས་འདུ་འདི་བཞིན་དེ་སྔོན་སྤྱི་ཟླ་4ནང་འཚོགས་འཆར་ཡོད་མོད། རྒྱ་གར་གྱི་བྱང་ཤར་མངའ་སྡེའི་ཆབ་སྲིད་གནས་ཚུལ་དུ་མ་ཞིག་གི་རྐྱེན་བྱས་ཏེ་རྒྱ་ནག་གི་ངོས་ནས་སྐབས་འཕྲལ་ཚོགས་འདུ་འདི་ཉིད་ཕྱིར་འགྱངས་བྱས་ཡོད་སྐོར་བརྗོད། ད་ལན་ཕྱོགས་གཉིས་ཀྱི་བར་དུ་ཚོང་འབྲེལ་དང་། ཆབ་སྲིད་གནས་ཚུལ། དེ་བཞིན་རྒྱལ་སྤྱིའི་ས་གནས་གཞན་ཁག་གི་དཀའ་རྙོག་སོགས་ཀྱི་ཐད་གྲོས་མོལ་བྱ་འཆར་ཡོད་སྐོར་གསལ་བཞིན་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།