རྒྱ་ནག་གཞུང་ནི་འདྲེ་ཤིག་དང་། གདུག་རྩུབ་ཅན། ཀུན་སྤྱོད་བྲལ་བ་བཅས་རེད།-ཨ་རི།


0
99

ཨ་རི། ཝ་ཤིང་ཏྲོན། སྤྱི་ལོ་2017ཟླ་1ཚེས་6ཉིན། དེ་རིང་དབྱིན་ཡུལ་གྱི་གསར་ཁང་ལྟ་སྲུང་བས་(The Guardian)གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཀྲམ་ཧྥི་ལགས་ཀྱིས། ཨ་རིའི་ཚོང་འབྲེལ་གྲོས་མོལ་བའི་འགོ་གཙོར་གསར་འདེམས་བྱས་པའི་མི་དེ་ཉིད་ནི་ཡུན་རིང་རྒྱ་ནག་གི་ཚོང་འབྲེལ་ལ་སྐྱོན་བརྗོད་བྱེད་མཁན་སྐུ་ཞབས་རོ་བྷར་ཀྲི་(Robert Lighthizer)ཡིན་པ་རེད། གནས་དོན་དེས་རྐྱེན་པས་རྒྱ་ནག་ལ་རིམ་པས་ཤུགས་རྐྱེན་གསར་པ་ཞིག་བྱུང་མུས་ལྟར་ཕྱོགས་གཉིས་ཀའི་བར་དུ་ཕན་ཚུན་ལན་འདེབས་ཀྱང་མུ་མཐུད་བྱུང་མུས་རེད་འདུག

རང་ལོ་69སོན་པའི་སྐུ་ཞབས་རོ་བྷར་ཀྲི་ལགས་ཀྱིས་བསྟུད་མར་རྒྱ་ནག་གིས་རྒྱ་སྤྱིའི་ནང་དུ་ཚོང་ལས་གཉེར་སྟངས་འགྲིགས་ཀྱི་མེད་པའི་སྐོར་ནན་བརྗོད་ཐེངས་མང་བྱས་ཡོད་ཅིང་། ཁོང་གིས་བརྗོད་དོན་ང་ཚོས་ངེས་པར་དུ་རྒྱ་ནག་གི་རྒྱལ་སྤྱིའི་ཚོང་ལས་གཉེར་སྟངས་ཐད་སྲིད་བྱུས་མཁྲེགས་པོ་ཞིག་མ་བཟུང་ན་ཡོང་རབས་མེད་ཅིང་། རྒྱ་ནག་གིས་བྱེད་སྟངས་དེ་བཞིན་ངེས་པར་དུ་འགྱུར་བ་གཏོང་དགོས་ཚུལ་བརྗོད་ཡོད།

གོང་གི་གནས་ཚུལ་དེ་བརྒྱུད་རྒྱ་ནག་རང་ངོས་ནས་རིམ་པས་ཉེན་གཟོན་བྱེད་དགོས་པའི་དུས་ཤིག་ཏུ་གྱུར་ཡོད། གནད་དོན་དེའི་ཐད་ཁ་སང་རྒྱ་ནག་གིས་གཞུང་འབྲེལ་གསར་ཁང་བརྒྱུད་དེ་བརྗོད་དོན། “ཨ་རིའི་སྲིད་འཛིན་གསར་པ་ཀྲམ་ཧྤི་ནི་ཚོང་དོན་དུ་བཟི་ནས་འདུག་མཁན་ཞིག་རེད།”ཅེས་བརྗོད་ཡོད་པ་དང་། དེའི་ཐོག་རྒྱ་ནག་གིས་ཨ་རིའི་སྲིད་འཛིན་གསར་པར་ཉེན་བརྡ་གཏོང་རྒྱུར། “རྒྱ་ནག་གི་ཐོག་དཔལ་འབྱོར་དང་བདེ་འཇགས་གཉིས་ཀའི་ཐད་དཔོན་པོ་ཐོན་མ་ཡོང་།”ཞེས་ཐད་ཀར་བརྗོད་འདུག

ཨ་རིའི་སྲིད་འཛིན་གསར་པའི་དཔལ་འབྱོར་སློབ་སྟོན་པ་དང་། ཚོང་དོན་གྲོས་མོལ་བ། @Peter Navarro

དེ་བཞིན་རྒྱ་ནག་གཞུང་དམར་ཤོག་ཚོགས་པས་སྐྱོང་བཞིན་པའི་རྒྱལ་སྤྱིའི་དུས་བབ་ཅེས་པའི་གསར་ཁང་གིས་རྩོམ་སྒྲིག་པའི་ཆེད་སྒྲིག་ལེ་ཚན་དུ་བརྗོད་དོན། “གཅིག་བྱས་ན་ཨ་རི་ནི་གཞི་རྒྱ་ཆེ་བའི་ལོ་རྒྱུས་ཀྱི་ནམ་འཕང་གི་ཐོག་ཏུ་སྐར་མདའ་ཙམ་ཞིག་ཡིན་སྲིད་”ཅེས་བརྗོད་ཡོད་འདུག

རྒྱ་ནག་དང་ཨ་རིའི་སྲིད་འཛིན་གསར་པའི་བར་དུ་རིམ་པས་ཕན་ཚུན་རྒོལ་ལན་སློག་རེས་བྱེད་བཞིན་ཡོད་པ་དང་། གནད་དོན་དེ་དག་གི་གཞི་རྐྱེན་གཅིག་ནི་ཉེ་བའི་ཆར་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཀྲམ་ཧྤི་ལགས་ཀྱིས། སྲིད་འཛིན་ལས་ཁུངས་ཀྱི་འགོ་གཙོར་བསྐོས་པའི་སྐུ་ཞབས་ན་ཝ་རོ་ཡི་(Peter Navarro)གནད་དོན་དེ་རེད། སྐུ་ཞབས་ན་ཝ་རོ་ནི་ནམ་ཡང་རྒྱ་ནག་གཞུང་གི་བྱེད་སྟངས་ལ་རྩ་བ་ནས་དགའ་མཁན་ཞིག་མིན་པ་དང་། ཁོང་གིས་བརྗོད་དོན་”རྒྱ་ནག་གཞུང་ནི་འདྲེ་ཤིག་ལྟ་བུ་དང་། གདུག་རྩུབ་ཅན། ལྕགས་ཀྱི་ལག་ཤུབ་གྱོན་པ། བསམ་མེད་དང་མ་རབས། རྡོ་རྙིང་ཅན། ཀུན་སྤྱོད་བྲལ་བ།  སྙིང་རྗེ་མེད་པ། སྒེར་གཅོད་དང་གཅིག་འདུས་དབང་ཆ་འཛིན་མཁན་ཞིག་རེད་”ཅེས་ངན་སྨྲོས་བྱས་ཡོད།

ད་ལྟའི་ཆར་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཀྲམ་ཧྥི་ལགས་ཀྱི་སྲིད་འཛིན་ལྷན་ཚོགས་ནི་འབྱོར་བདག་གྲགས་ཅན་ཤ་སྟག་གིས་ཁེངས་པར་བྱས་ཡོད་ཅིང་། སྤྱིར་གོ་ལའི་སྲིད་འཛིན་ལྷན་ཚོགས་ཕྱུག་ཤོས་དེ་ཉིད་ཆགས་རྒྱུར་བརྗོད་བཞིན་ཡོད། ཁོང་ཚོ་ཀུན་གྱིས་མནའ་སྐྱེལ་འདོད་འདུན་ནི་རྒྱ་ནག་དང་ཚོང་འབྲེལ་སྐོར་བསྐྱར་དུ་གྲོས་མོལ་བྱ་རྒྱུ་ཡིན་ཞིིང་། རྒྱ་ནག་གི་དྲང་བདེན་མིན་པར་གླེང་བའི་ཚོང་ལས་འགྲོ་སྟངས་དེ་བཞིན་གཏོར་རྒོལ་གཏོང་རྒྱུའི་འཆར་གཞི་ཡོད་འདུག

སྲིད་འཛིན་སྐུ་ཞབས་ཀྲམ་ཧྥི་ལགས་ཀྱིས་གོ་ལའི་ཚ་དྲོད་ལ་འབྲེལ་བ་མེད་ཚུལ་བརྗོད་པ།

ཨ་རིའི་སྲིད་འཛིན་གསར་པས་བསྐོ་བཞག་བྱས་པའི་སྐུ་ཞབས་རོ་བྷར་ཀྲི་ལགས་ནི་དེ་སྔོན་སྲིད་འཛིན་ཟུར་པ་དཔལ་འབྱོར་ལ་མཁས་པ་སྐུ་ཞབས་རེ་གྷན་(Ronald Reagan)ལགས་ཀྱི་དུས་སུ་ཨ་རིའི་ཚོང་དོན་སྐུ་ཚབ་དང་། སྐབས་དེ་དག་ཏུ་ཁོང་གིས་འཛམ་གླིང་ཡོངས་སུ་ཚོང་དོན་གྲོས་མོལ་དང་། གནད་དོན་གྱི་ཆེད་དུ་ཆེད་སྐྱོད་ཐེངས་མང་བྱས་ཟིན་པ་ཞིག་རེད་འདུག དམིགས་བསལ་སྐབས་དེ་དུས་ཁོང་ཉིད་ཨ་རིའི་དྭངས་ལྕགས་(steel)ཀྱི་ཚོང་དོན་གྲོས་མོལ་བ་རེད་འདུག

ཁོང་གིས་འདས་པའི་སྤྱི་ལོ་2011ལོར་ཝ་ཤིང་ཏྲོན་དུས་བབ་སྟེང་དུ་བཀོད་པའི་རྩོམ་ཡིག་ཅིག་གི་ནང་དུ་གསལ་བ་ལྟར་ན། “ང་ཚོས་རྒྱ་ནག་ལ་མུ་མཐུད་ཚོང་གི་འབྲས་བུ་གཡོ་ཟོལ་གྱིས་ཁྱེར་དུ་བཅུག་པ་ནི་ང་ཚོའི་ཁྲོམ་རའི་འགྲོ་རྒྱུག་གང་ལེགས་ཡོང་ཆེད་ཀྱི་ཁེ་ཕན་ཞིག་ཏུ་མངོན་གྱི་ཡོད་དམ། དོན་དངོས་ཐོག་རྒྱ་ནག་གཞུང་གི་བྱ་སྤྱོད་དང་སྟངས་འཛིན་གྱི་རྐྱེན་བྱས་ཏེ་ང་ཚོའི་བཟོ་སྐྲུན་ཡོངས་སུ་རྒྱ་ནག་ཏུ་མངགས་པ་དེས་ང་ཚོའི་ཁྲོམ་རའི་འགྲོ་རྒྱུག་གོང་འཕེལ་འགྲོ་གི་མེད།” ཅེས་བཀོད་ཡོད་འདུག

དོན་དངོས་ཐོག་གོང་གི་ཚོང་དོན་གྲོས་མོལ་གཙོ་འཛིན་སྐུ་ཞབས་རོ་བྷར་ཀྲི་ལགས་དང་། སྲིད་འཛིན་ལས་ཁུངས་ཀྱི་འགོ་གཙོ་སྐུ་ཞབས་ན་ཝ་རོ་གཉིས་ཀས་རྒྱ་ནག་གི་ད་ལྟའི་དཔལ་འབྱོར་གྱི་སྲིད་བྱུས་ནི་གཞི་རྩ་ནས་སྐྱོན་ཅན་ཡིན་པར་བརྗོད་བཞིན་འདུག དེའི་ཐད་སྐུ་ཞབས་རོ་བྷར་ལགས་ཀྱིས་བརྗོད་དོན། “ང་ཚོ་ཨ་རིའི་ཁྲིམས་འཛིན་པ་དུ་མས་ཡུན་རིང་རྒྱ་ནག་ལ་དམིགས་བསལ་བཏང་སྟེ་ཚོང་འབྲེལ་འགྲོ་ལུགས་དེ་ཉིད་ལག་བསྟར་བྱེད་དུ་བཅུག་པ་ནི་ང་ཚོ་རང་ཉིད་ཀྱི་དཔལ་འབྱོར་ལ་ཉེན་ཁ་ཆེས་ཆེ་ཤོས་དེར་གྱུར་ཡོད་”ཅེས་བརྗོད་འདུག

རྒྱ་ནག་གི་དུས་དེབ་འཛམ་གླིང་མི་མང་ཞེས་པའི་ཐོག་ཏུ་བཀོད་པའི་སྲིད་འཛིན་ཀྲམ་ཧྥི་ཅིའི་ཕྱིར་སྲིད་འཛིན་འོས་ཐོབ་བྱུང་སྐོར།

ད་དུང་མུ་མཐུད་ཁོང་གིས་བརྗོད་གསལ། “གནད་དོན་དེ་ནི་ཨ་རིའི་ཁྲིམས་འཛིན་པ་དག་གིས་ངེས་པར་དུ་དོན་ནན་དང་རྒྱ་ནག་དང་ངར་ཤུགས་སྤྱད་དེ་འབྲེལ་བ་བྱེད་དགོས་”ཞེས་བརྗོད་ཡོད་འདུག ཁོང་གི་སྲིད་བྱུས་དུ་མར་དེ་མཚུངས་ཆེད་ལས་མི་སྣ་དུ་མ་ཞིག་གིས་འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེ་ཤོས་གཉིས་ཀྱི་བར་དུ་ཚོང་དོན་དམག་འཁྲུག་ཡོང་ངེས་པའི་སེམས་ཁྲལ་བྱེད་བཞིན་ཡོད་འདུག

སྲིད་འཛིན་ཀྲམ་ཧྤི་ལགས་ཀྱིས་བརྗོད་དོན། “ང་ཚོའི་ཚོང་དོན་གྲོས་མོལ་བ་ཁོང་གིས་ཧུར་ཐག་བྱ་ངེས་རེད་ལ། དེ་ཡང་ཁོང་གིས་ང་ཚོ་ཨ་རིའི་ངལ་རྩོལ་བ་རྣམས་ཨང་དང་པོར་བཞག་ནས་ལས་ཀ་བྱེད་ཀྱི་རེད། མ་ཟད། ཁོང་གི་མཛད་བཟང་གིས་ང་ཚོའི་ལས་མི་དག་གི་ལོ་མང་རིང་འཕྲོག་བཅོམ་བྱུང་བའི་ལོ་ལེགས་ཕྱིར་བླངས་ཀྱི་རེད་”ཅེས་བརྗོད་སོང་། ཁོང་ནི་ལོ་ངོ་བཅུ་ཕྲག་གསུམ་ཙམ་རྗེས་གཞི་ནས་ཨ་རིའི་ཚོང་དོན་ལས་ཁུངས་སུ་བསྐྱར་ལོག་བྱེད་ཀྱི་ཡོད་ཅེས་བརྗོད།

གནད་དོན་དེའི་ཐད་རྒྱ་ནག་གི་གྲགས་ཅན་ཧྲང་ཧེ་ཧྥུ་ཏན་གཙུག་ལག་སློབ་ཆེན་(复旦大学)གྱི་ཨ་རི་རིག་པའི་ཆེད་སྦྱོང་ཚན་ཁག་གི་འགན་འཛིན་སྐུ་ཞབས་ཧྲན་རྡིང་ལི་(沈丁立)གྱིས་བརྗོད་དོན། “གནད་དོན་དེ་རིགས་ནི་ཁྱོན་ཡོངས་ཀྱིས་ལྷོད་ལྷོད་བྱེད་རྒྱུ་དང་། རྙོག་ཟིང་གང་ཡང་མེད་པར་འཛམ་གླིང་ཚོང་དོན་ལྷན་ཚོགས་(WTO)ཀྱིས་དཀའ་རྙོག་དེ་ཉིད་སེལ་དུ་འཇུག་དགོས་”ཞེས་བརྗོད་སོང་། དེའི་ཐོག་མུ་མཐུད་བརྗོད་རྒྱུར་”རྒྱ་ནག་གིས་ནོར་མེད་ཚེ་ཨ་རིའི་འགོ་ཁྲིད་མཁྲེགས་པོ་དེ་ཚོར་འཇིགས་དགོས་དོན་གང་ཡང་མེད་”ཅེས་བརྗོད་སོང་།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།