རྒྱ་དཀར་ནག་གི་འབྲེལ་ལམ་ཇེ་བཟང་དང་གཉིས་ཕན་ཚོགས་འདུ་ཇེ་མང་། ཐད་སྤེལ།

0
1261

རྒྱ་ནག པེ་ཅིན། སྤྱི་ལོ་2018ཟླ་4ཚེས་16ཉིན། ད་ལྟ་རྒྱ་གར་གྱི་དཔལ་འབྱོར་དུས་བབ་(Economic Times)སོགས་ཀྱིས་ཐད་སྤེལ་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་ནས་གསལ་བསྒྲགས་སྤེལ་དོན།“ངེད་རྒྱ་ནག་གི་ངོས་ནས་རྒྱ་གར་དང་གཉིས་ཕན་མཉམ་འབྲེལ་གང་ལེགས་ཡོང་རྒྱུའི་ཐབས་ལམ་ལ་མཐའ་གཅིག་ཏུ་གཅེས་སྤྲས་བྱ་རྩིས་ཡོད། དེ་བཞིན་འབྱུང་འགྱུར་ངེད་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་ཆེད་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་བྱ་རྒྱུའི་ལས་གཞི་ཇི་ཡོད་ཐད་ཞིབ་འཇུག་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

སྤྱིར་ན་ནིང་རྒྱ་དཀར་ནག་གཉིས་ཀྱི་འབྲོག་ལམ་གདོང་ཐུག་གནས་ཚུལ་དེ་ཉིད་ཀྱི་ཕྱིས་ནས། རྒྱལ་ཁབ་གཉིས་ཀྱི་བར་དུ་གྲོས་མོལ་དང་ཞི་འགྲིགས་ཀྱི་གནས་ཚུལ་དུ་མ་ཞིག་འབྱུང་མུས་ཡིན་པ་དང་། དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ལྕམ་སྐུ་ཧྭ་ཁྲུན་དབྱིང་(Hua Chunying/华春莹)གིས་རྒྱལ་སྤྱིའི་གསར་འགོད་པར་འགྲེལ་བརྗོད་བྱས་དོན།“ད་ལྟའི་ཆར་ངེད་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཕྱོགས་ཀུན་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད། ད་དུང་། སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་མོ་རྡིའི་དབུ་ཁྲིད་འོག་རྒྱ་ནག་དང་རྒྱ་གར་གྱི་འབྲེལ་ལམ་གོང་འཕེལ་ཡང་རྩེར་སོན་བཞིན་ཡོད། ང་ཚོས་མུ་མཐུད་གཉིས་ཕན་གྱི་མཉམ་ལས་ལ་འབད་རྒྱུ་ཡིན།”ཞེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ལྕམ་སྐུ་ཧྭ་ཁྲུན་དབྱིང་།#Chinese Foreign Ministry spokesperson Hua Chunying.

མུ་མཐུད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ལྕམ་སྐུ་ཧྭ་ཁྲུན་དབྱིང་གིས་བསྐྱར་བརྗོད་བྱས་དོན།“ངེད་རྒྱ་ནག་གི་ངོས་ནས་རྒྱ་གར་དང་འབྲེལ་ལམ་གོང་འཕེལ་གཏོང་ཆེད་ཕྱོགས་ཀུན་ནས་མཐོང་ཆེན་བྱ་བཞིན་ཡོད། ང་ཚོས་རྒྱ་དཀར་ནག་གཉིས་ཀྱི་ཡང་དག་པའི་འབྲེལ་ལམ་སྲ་བརྟན་འཛུགས་རྒྱུའི་གནད་དོན་ཐད་ནན་ཏན་ངང་ཧ་ཅང་དམ་པོར་འཐམ་རྒྱུ་ཡིན། དེའི་ཐོག་ཕྱོགས་གཉིས་ཀྱི་བཟང་ཕྱོགས་ཀྱི་ནུས་ཤུགས་རྣམས་མཉམ་འབྲེལ་ཡོང་ཐབས་བྱ་རྒྱུ་དང་། མཉམ་འབྲེལ་གྱི་ལས་གཞིའི་ས་ཁོངས་འཚོལ་ཞིབ་བྱས་ཏེ་ངེད་རྒྱལ་ཁབ་གཉིས་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་ཀྱི་འབྲེལ་ལམ་སྲ་བརྟན་འཛུགས་རྒྱུར་འབད་རྒྱུ་ཡིན།”ཞེས་བརྗོད་འདུག

དོན་དངོས་ཐོག་ཁས་ཉིན་སྤྱི་ཚེས་13ཉིན་རྒྱ་ནག་གི་ཚོང་དོན་གྲོང་ཁྱེར་ཧྲང་ཧེ་རུ་རྒྱ་གར་གྱི་རྒྱལ་སྲིད་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཨཱ་ཇེཏི་རྡོ་ཝལ་(Ajit Doval)དང་། རྒྱ་ནག་དམར་ཤོག་གཞུང་འཛིན་ཕྱི་སྲིད་ལྷན་ཁང་གི་འགན་འཛིན་ཡང་ཇའེ་ཁྲེ་(Yang Jiechi/杨洁篪)བར་དུ་ཐུག་འཕྲད་ཚོགས་འདུ་ཞིག་འདུས་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཐུག་འཕྲད་ཚོགས་འདུ་དེ་ཉིད་ཕུད་དབུ་ཁྲིད་གཉིས་ཀྱིས་རྒྱ་དཀར་ནག་དཔལ་འབྱོར་མཉམ་འབྲེལ་ཚོགས་འདུ་སྐབས་11འདུས་ཤིང་། ཚོགས་འདུའི་ཐོག་འབྱུང་འགྱུར་རྒྱ་དཀར་ནག་གཉིས་ཀྱི་དཔལ་འབྱོར་གྱི་ཐབས་ལམ་དང་སྲིད་བྱུས་ཐད་གྲོས་མོལ་ལྷུག་པོ་གནང་ཡོད་སྐོར་གསར་ལམ་ཁག་ན་གསལ་བཞིན་འདུག

རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་གྲགས་ཅན་ཨ་ཇེཏི་རྡོ་ཝལ་ནི་རྒྱ་གར་གྱི་གསང་བའི་ལས་ཀའི་ནོར་བུ་ལྟ་བུར་གྱུར་ཞིང་། འདས་པའི་ལོ་རྒྱུས་ཁྲོད་ཆེས་ཉེན་ཁ་ཚ་བའི་ས་གནས་དུ་མར་རྡོ་ཝལ་གྱིས་རྒྱ་གར་གྱི་མཚན་གནས་གོང་འདེགས་ཆེད་བྱ་འགུལ་སྣ་མང་ལམ་ལྷོངས་ལྡན་པའི་ངང་སྤེལ་ཡོད་འདུག#AJIT DOVAL IS CALLED THE JAMES BOND OF INDIA.

གཞན་རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་ཐུག་འཕྲད་བརྒྱུད་ས་མཚམས་ཀྱི་རྩོད་རྙོག་གནད་དོན་དང་། གཙང་པོའི་གནད་དོན། ཕྱོགས་གཉིས་ཀའི་བར་གྱི་ཐག་ཆོད་དཀའ་བའི་གནས་ཚུལ་དུ་མ་ཞིག་གི་ཐད་བཟང་ཕྱོགས་ཀྱི་གྲོས་བསྡུར་རིམ་པས་བྱས་ཡོད་སྐོར་བརྗོད་བཞིན་འདུག དེ་བཞིན་ཟླ་འདིའི་ཚེས་24ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་སུ་ཤི་མཱ་(Sushma Swaraj)དང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ནིར་མཱ་ལ་(Nirmala Sitharaman)ལྷན་དུ་རྒྱ་ནག་དུ་ཧྲང་ཧེ་ཚོང་དོན་མཐུན་ཚོགས་(Shanghai Cooperation Organization)ཀྱི་ཚོགས་འདུར་ཞུགས་འཆར་ཡོད་པ་རེད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།