རྒྱ་གར་ལྷོ་ཕྱོགས་སུ་བཟོ་གྲྭ་སྒོ་རྒྱག་དགོས་པའི་ངོ་རྒོལ། མི་10མེ་མདས་བསད། ཚ་གླེང་།

0
1203
ངོ་རྒོལ་ལས་འགུལ་དེ་ཉིད་འགོ་བཙུགས་ནས་ཟླ་གསུམ་ཙམ་འདས་ཟིན་འདུག#Protests against Thoothukudi smelter have been taking place for more than three months.

རྒྱ་གར། ཏ་མིལ་ན་ཐུ། སྤྱི་ལོ་2018ཟླ་5ཚེས་22ཉིན། ད་ལྟ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་ལྟ་སྲུང་བ་(The Gurdian)སོགས་ཀྱིས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་ཕྱི་དྲོ་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཏ་མིལ་ན་ཐུའི་(Tamil Nadu)ནང་གི་མཚོ་ཁའི་གྲོང་ཁྱེར་ཀྲུ་ཊི་ཁོ་རིན་(Tuticorin)ནང་དུ་གྲོང་ཁྱེར་མི་དམངས་ཕོན་ཆེན་འདུ་འཛོམས་བྱུང་སྟེ། ཉེ་འགྲམ་དུ་ཡོད་པའི་ཟངས་ཀྱི་བཟོ་གྲྭ་དེ་ཉིད་སྒོ་རྒྱག་དགོས་པའི་འབོད་སྐུལ་འོག་ངོ་རྒོལ་གྱི་ལས་འགུལ་དྲག་པོ་ཐོན་པའི་གནས་ཚུལ་བརྗོད། དེ་ཡང་ངོ་རྒོལ་བ་མི་དམངས་རྣམས་ཀྱིས་བཟོ་གྲྭ་དེ་ཉིད་བརྒྱུད་གྲོང་ཁུལ་གྱི་ཁ་རླུང་དང་ཁོར་ཡུག་སྦགས་བཙོག་ཤུགས་ཆེན་བཟོ་བཞིན་ཀྱི་ཡོད་པ་དང་། རྒྱ་མཚོར་རྟེན་ནས་འཚོ་གནས་འཚོལ་བཞིན་པའི་མི་དམངས་རྣམས་ཀྱི་མི་ཚེར་དོ་ཕོག་ཧ་ཅང་ཆེན་འགྲོ་བཞིན་ཡོད་སྐོར་བརྗོད་བཞིན་འདུག

ངོ་རྒོལ་སྤེལ་ཡུལ་གྱི་ས་གནས་སུ་ཁྱོན་མི་དམངས་200,00ལྷག་འདུ་འཛོམས་བྱུང་སྟབས། མཐར་ཉེན་རྟོག་པས་སྟངས་འཛིན་མ་ཐུབ་པར་གྱུར་ཏེ་མི་དམངས་ཀྱི་དབུས་སུ་མེ་མདའ་བརྒྱབས་ཏེ་མི་གྲངས་10བསད་ཡོད་པའི་གནས་ཚུལ་ཐོན་འདུག ཟངས་ཀྱི་བཟོ་གྲྭ་དེ་ནི་རྒྱ་གར་ནང་ཡོད་ཟངས་ཀྱི་བཟོ་གྲྭ་ཆེ་ཤོས་དེ་ཉིད་ཆགས་ཀྱི་ཡོད་པ་དང་། བཟོ་གྲྭའི་སྦྱིན་བདག་དངོས་ནི་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་གཏེར་ལས་ཚོང་ཚོགས་ཆེན་པོ་(Vedanta Resource)ཞེས་པ་དེ་ཉིད་ཡིན་པ་རེད་འདུག བཟོ་གྲྭ་དེ་ཉིད་ནི་འཛམ་གླིང་ནང་གི་གཏེར་ལས་ཚོང་ཚོགས་ཆེ་ཤོས་ནང་གི་གཅིག་ཆགས་ཀྱི་འདུག དེ་ཁུལ་མི་དམངས་ཀྱིས་བཟོ་གྲྭ་དེས་གྲོང་ཁུལ་ཁོར་ཡུག་ལ་གནོད་འཚབ་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད་སྐོར་བརྗོད་དེ་འདས་པའི་ཟླ་གསུམ་རིང་ནས་ངོ་རྒོལ་ལས་འགུལ་བསྟུད་མར་སྤེལ་མུས་ཡིན་པ་རེད་འདུག

ངོ་རྒོལ་ལས་འགུལ་ད་ལྟ་ཡང་འགྲོ་བཞིན་ཡོད་པ་དང་། མེ་མདའ་འོག་འདས་གྲོངས་སུ་གྱུར་བའི་མི་གྲངས་9ནས་10འཕར་བའི་གནས་ཚུལ་ཐོན་མུས་རེད་འདུག#Local TV showed police trying to disperse the crowd with teargas and water cannon. Smoke rose from several areas of Thoothukudi, a quiet port city near the southern tip of the Indian peninsula.

ད་ལྟའི་ཆར་རྒྱ་གར་གཞུང་འཛིན་སྲིད་གཞུང་གི་ཕྱོགས་འགལ་ཀོང་ར་སི་ཚོགས་པས་དབུས་གཞུང་གིས་གནད་དོན་དེའི་ཐད་ལྟ་སྟངས་ལེགས་པོ་མེད་པ་སོགས་ཀྱི་ཐད་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ས་གནས་དེ་གའི་ངོ་རྒོལ་བ་མི་དམངས་ཚོས་བདེན་པར་རྒྱབ་སྐྱོར་དགོས་པའི་དགོས་འདུན་བཏོན་མོད། གཞུང་ཕྱོགས་ནས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་ཏེ་མི་དམངས་བསད་པ་ནི་དྲག་སྤྱོད་པར་གཞུང་གིས་སྦྱིན་བདག་བྱས་པ་དང་གཅིག་མཚུངས་ཡིན་སྐོར་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་བརྒྱུད་བརྗོད་འདུག སྤྱིར་བཟོ་གྲྭ་དེ་ཉིད་ཀྱིས་ལོ་གཅིག་ནང་ཁྱོན་ཟངས་(ton)ཊོན་400,000ལྷག་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། བཟོ་གྲྭ་དེ་ཉིད་ཀྱིས་དེ་ཁུལ་ཁོར་ཡུག་ལ་གནོད་ཚད་ཧ་ཅང་བརྒལ་སྟབས་ས་གནས་ཁོར་ཡུག་དོ་དམ་ལྷན་ཁང་གི་བཀའ་རྒྱའི་འོག་འདས་པའི་ཉིན་གྲངས་50རིང་བཟོ་གྲྭ་དེ་ཉིད་སྒོ་ཕྱེ་མ་ཆོག་པར་གནས་མུས་ཡིན་པར་གསལ། ད་དུང་། ཟླ་རྗེས་མའི་ཚེས་6བར་བཟོ་གྲྭ་དེ་ཉིད་སྒོ་ཕྱེ་ཆོག་གི་མེད་པ་རེད་འདུག དེ་ལྟར་ས་གནས་དེ་གའི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་ཆབ་སྲིད་མི་སྣ་དུ་མ་ཞིག་གིས་བཟོ་གྲྭ་དེ་ཉིད་གཏན་དུ་སྒོ་རྒྱག་རྒྱུའི་ཕྱོགས་སུ་འབད་བརྩོན་བྱ་བཞིན་ཡོད་པ་རེད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ།ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།