རྒྱ་གར་རང་ལོ་72སོན་པ། རང་ལོ་100སོན་སྐབས་ཅི་འདྲར་འགྱུར་རམ།

0
805

བོད་ཀྱི་དེ་ཕོ་སྤྱིའི་དཔྱད་ཞིབ་རྒྱུན་ཤེས།
སྤྱི་ལོ་2018ཟླ་8ཚེས་15ཉིན།

དེ་རིང་ནི་རྒྱ་གར་རྒྱལ་ཁབ་ཆེན་པོ་རང་ལོ་72ལ་སོན་པའི་ཉིན་མོ་ཡིན་ཞིང་། རྒྱ་གར་གྱི་སྲིད་བློན་མོ་རྡི་ཡིས་རྒྱ་གར་གྱི་གྲོས་ཚོགས་མདུན་ཐང་ནས་གཟི་བརྗིད་ལྡན་པའི་འབྱུང་འགྱུར་རྒྱ་གར་མི་དམངས་ཀྱི་བདེ་དོན་ཐད་གཏམ་བཤད་དང་ལས་དོན་དམ་བཅའ་ཕུལ་སོང་། དེ་ཡང་རྒྱ་གར་རྒྱལ་ཕྲན་དུས་རབས་ནས་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་དབང་འོག་ཏུ་ཚུད་དེ་ཁྱོན་མི་ལོ་200ལྷག་ལུས་པ་ཡོངས་གྲགས་རེད། མཐར་སྤྱི་ལོ་1947ཟླ་8ཚེས་15ཉིན་རྒྱལ་གར་ཡོངས་ཁྱབ་རྒྱལ་ཁབ་ཆེན་པོ་དེ་བཞིན་ཡོ་རོབ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཧི་ཌི་ལར་(Adolf Hitler)གྱི་གནོན་ཤུགས་ཇེ་ཆེར་གྱུར་བ་དང་དུས་མཚུངས། དབྱིན་ཇི་རང་ཉིད་རྒྱལ་སྲུང་མ་ཐུབ་པའི་མཚམས་དེར་འཛམ་གླིང་ཧྲིལ་བུ་འགུལ་སྐྱོད་ཐེབས་པ་དང་ལྷན་རྒྱ་གར་གྱི་མེས་པོ་དམ་པ་དག་གིས་དུས་ལ་དཔག་པའི་གོ་སྐབས་བཟུང་སྟེ་རྒྱ་གར་རྒྱལ་ཁབ་ཆེན་པོ་འདི་ཉིད་གསར་འཛུགས་བྱས་ཡོད།

དེ་ལྟར་འདས་པའི་དུས་རབས་ཕྱེད་དང་ལྷག་ཙམ་རིང་རྒྱ་གར་གྱི་མདུན་སྐྱོད་རླབས་ཆེན་བྱས་ཏེ། དཔལ་འབྱོར་དང་དམག་དོན་སོགས་ཕྱོགས་ཀུན་ནས་འཛམ་གླིང་གི་ནང་གི་སྟོབས་ཆེན་རྒྱལ་ཁབ་ཀྱི་གོ་གནས་བཟུང་ཐུབ་པ་བྱས་ཡོད། འོན་ཀྱང་། ང་ཚོས་མ་འོངས་འཆར་གཞི་དང་ཚད་ལྡན་ཞིབ་འཇུག་གི་གྲུབ་དོན་ལ་གཞི་བཅོལ་ཏེ་སྔོན་དཔག་བྱ་དགོས་པ་ཞིག་ནི་འབྱུང་འགྱུར་རྒྱ་གར་རང་ལོ་100སོན་སྐབས་ཅི་འདྲ་ཞིག་ལ་འགྱུར་རམ་ཞེས་པ་དེ་རེད།  དེ་ཡང་དེ་རིང་རྒྱ་གར་དུས་བབ་གསར་ཁང་(TOI)གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དཔྱད་ཞིབ་ཡིག་ཚགས་ལ་གཞི་རྟེན་བཅོལ་ནས་དམིགས་བསལ་བརྗོད་གཞི་ལྔའི་ཐོག་རྒྱ་གར་རང་ལོ་100སོན་སྐབས་ཀྱི་གནས་སྟངས་སྔོན་དཔག་བྱས་འདུག

དང་པོ། མི་འབོར། མ་འོངས་སྤྱི་ལོ་2047བར་རྒྱ་གར་གྱི་མི་འབོར་ཁྱོན་ས་ཡ་400འཕར་འཆར་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་མི་འབོར་ཁྱོན་ས་ཡ་1700འགྱུར་གྱི་ཡོད། དེ་ལྟར་ན་ལོ་ངོ་བཅུ་ཕྲག་གཉིས་ཀྱི་ནང་དུ་རྒྱ་གར་ནི་འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་རྒྱུ་དང་། ལྷོ་ནུབ་མངའ་སྡེ་ཀེ་རེ་ལ་(Kerala)དང་ཏྭ་མིལ་ན་ཐུ་(Tamil Nadu)གཉིས་ཀྱི་མི་འབོར་ཇེ་ཉུང་འགྲོ་རྒྱུ་ཡིན་པ་དང་མངའ་སྡེ་གཞན་དྲུག་གི་མི་འབོར་འཕར་ཆག་སྲ་བརྟན་ཆགས་རྒྱུ་ཡིན་པར་གསལ།

གཉིས་པ། འབྱོར་ཕྱུག འབྱུང་འགྱུར་རྒྱ་གར་མི་དམངས་སྤྱི་ཡོངས་ཀྱི་ཡོང་འབབ་ཨ་སྒོར་16000བར་འཕར་རྒྱུ་ཡིན་པ་རེད། དེ་ལྟར་ན་ཡོང་འབབ་ཀྱི་གྲངས་འབོར་དེ་ནི་ད་ལྟ་ལས་ལྡབ་དགུ་འཕར་རྒྱུ་ཡིན་འདུག། དེ་མཚུངས་རྒྱ་ནག་གི་མི་རེའི་ཡོང་འབབ་རྒྱ་གར་ལས་ལྡབ་གཅིག་འཕར་རྒྱུ། ཨ་རི་བའི་ཡོང་འབབ་རྒྱ་གར་ལས་ལྡབ་ལྔ་འཕར་རྒྱུ། དེ་དུས་རྒྱ་གར་ནི་འཛམ་གླིང་ནང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ཨང་གསུམ་པར་འགྱུར་རྒྱུ་དང། རྒྱ་གར་གྱི་ལོ་རེའི་རྒྱལ་ནང་ཐོན་འབབ་ཨ་སྒོར་དཀྲིགས་ཆེན་པོ་28(trillion)བརྒལ་རྒྱུར་བརྗོད།

གསུམ་པ། ཆོས་ལུགས། སྐབས་དེར་རྒྱ་གར་ནང་དུ་ཧིན་རྡུའི་རྗེས་འཇུག་པ་ཁྱོན་ས་ཡ་1300བར་འཕར་རྒྱུ་དང་། གྲངས་འབོར་དེ་ནི་ད་ལྟའི་རྒྱ་གར་རྒྱལ་ཡོངས་ཀྱི་མིའི་གྲངས་འབོར་རེད། དེ་བཞིན་དབྱི་སི་ལམ་ཁ་ཆེའི་ཆོས་ལུགས་རྗེས་འཇུག་པ་མི་གྲངས་ས་ཡ་300མ་ཟིན་ཙམ་དུ་འཕར་རྒྱུར་གསལ། དེ་ལྟར་ན་སྐབས་དེར་རྒྱ་གར་གྱི་མི་འབོར་བརྒྱ་ཆ་76%ཧིན་རྡུ་དང་། བརྒྱ་ཆ་18%ཁ་ཆེ། བརྒྱ་ཆ་2.2%ཡེ་ཤུ། བརྒྱ་ཆ་2.7%ཆོས་ལུགས་གཞན་བཅས་སུ་འགྱུར་རྒྱུ་རེད་འདུག

གོང་གི་རྒྱལ་ཁབ་མི་འདྲ་བར་རྣམས་ཀྱི་མི་འབོར་ཇི་ཡོད་ཡོངས་རྫོགས་རྒྱ་གར་གྱི་མངའ་སྡེ་དག་གི་མི་འབོར་དང་གཅིག་མཚུངས་གྱུར་ཡོད།#Meanwhile, this rough map illustrates that the population of India is as high as the next six most populated countries of the world combined.

བཞི་པ། སྐད་རིགས། དེ་དུས་རྒྱ་གར་གྱི་མི་འབོར་བརྒྱ་ཆ་62%གྱིས་དབྱིན་སྐད་སྤྱོད་རྒྱུ་ཡིན་པ་དང་། ན་ནིང་སྟེ་སྤྱི་ལོ་2017ལོར་རྒྱ་གར་གྱི་མི་འབོར་བརྒྱ་ཆ་19%དབྱིན་སྐད་སྤྱོད་བཞིན་བཞིན་ཡོད་པའི་སྙན་ཐོ་གསལ། དེ་བཞིན་སྤྱི་ལོ་2013ལོར་རྒྱ་གར་གྱི་མི་འབོར་བརྒྱ་ཆ་13%གྱིས་དབྱིན་སྐད་སྤྱོད་བཞིན་ཡོད་འདུག དེ་ལྟར་ན་སྐབས་དེར་རྒྱ་གར་གྱི་མི་འབོར་ཕྱེད་དང་ལྷག་ཙམ་གྱིས་དབྱིན་སྐད་སྤྱོད་རྒྱུ་ཡིན་པ་རེད་འདུག

ལྡ་པ། ཚེ་ཚད་གནས་ཡུན། སྤྱི་ལོ་2047ལོར་རྒྱ་གར་ནང་རང་ལོ་65ཡན་གྱི་རྒས་ཡོལ་ཞུས་པའི་མི་གྲངས་ཚད་ཧ་ཅང་འཕར་རྒྱུ་ཡིན་པ་དང་། དེ་ལྟར་ན་ད་ལྟ་རྒྱ་གར་གྱི་ཚེའི་རིང་ཚད་ལས་ལྡབ་དུ་མས་འཕར་རྒྱུ་ཡིན་པར་བརྗོད། དེ་དུས་རྒྱ་གར་བ་དྲུག་རེའི་ནང་དུ་རྒས་ཡོལ་ཞུས་པའི་རྒན་རྒོན་གཅིག་རེ་ཡོད་པ་རེད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།