རྒྱ་གར་བྱང་ཤར་ཆུ་ལོག་གི་མི་ཤིའི་གྲངས་ཚད་83བར་འཕར།

0
2777
ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་པའི་རྒྱ་གར་བྱང་ཤར་ཁུལ་གནས་སྟངས། མི་འབོར་ས་ཡ་ཕྱེད་ཙམ་ལ་ད་ལན་གྱི་ཆུ་ལོག་དེའི་གནོད་འཚེ་ཕོག་འདུག

རྒྱ་གར། ཨ་སམ། སྤྱི་ལོ་2017ཟླ་7ཚེས་15ཉིན། ད་ལྟ་ཆུ་ཚོད་གཅིག་གི་སྔོན་དུ་རྒྱལ་སྤྱིའི་རུ་ཀྲར་གསར་ཁང་(Reuters)གིས་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་བྱང་ཤར་མངའ་སྡེའི་ཁག་ཏུ་ཆུ་ལོག་གི་གནོད་འཚེའི་འོག་ཁྱོན་ཉུང་མཐར་མི་གྲངས་83འདས་གྲོངས་ཕྱིན་ཟིན་ཡོད་པ་དང་། མི་གྲངས་འབུམ་20(ཁྲི་ཚོ་200)ལྷག་སྡོད་ཁྱིམ་མེད་པར་གྱུར་ཡོད་པའི་གནས་ཚུལ་བརྗོད། ཛ་དྲག་པའི་གནོད་འཚེ་དེའི་ཆེད་རྒྱ་གར་དབུས་གཞུང་ནས་མྱུར་སྐྱོབ་རུ་ཁག་དང་རོགས་སྐྱོར་སྡེ་ཚན་ཆེད་གཏོང་བྱས་ཟིན་འདུག ཆུ་ལོག་གི་དོན་རྐྱེན་དེའི་འོག་བདག་མེད་རི་དྭགས་གཅན་གཟན་དུ་མ་ཞིག་ལའང་གནོད་འཚེ་ཚབས་ཆེན་ཕོག་ཡོད་པའི་གནས་ཚུལ་བརྗོད་བཞིན་འདུག

གཞུང་འབྲེལ་མྱུར་སྐྱོབ་ཚན་པས་མྱུར་སྐྱོབ་བྱེད་བཞིན་པ། བྱང་ཤར་ཁུལ་ནས་ཆུ་ལོག་གི་གནོད་སྐྱོན་ཆེ་ཤོས་ཐེབས་ཡུལ་ནི་ཨ་སམ་མངའ་སྡེ་ཆགས་ཀྱི་ཡོད་འདུག

རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་(Hindustan Times)ཀྱིས་གནས་ཚུལ་བཀོད་གསལ། ད་ལྟའི་ཆར་རྒྱ་གར་བྱང་ཤར་ཁུལ་གྱི་རྫོང་ཁག་58ཙམ་ལ་ཆུ་ལོག་གི་གནོད་འཚེ་ཕོག་ཟིན་པ་དང་། གཞུང་ཕྱོགས་ནས་ཞིབ་བཤེར་བྱས་པ་བརྒྱུད་ཨ་སམ་དང་། ཨ་རུ་ན་ཅལ། མ་ནི་པུར་བཅས་མངའ་སྡེ་ཁག་གསུམ་ཆུ་ལོག་གི་གནོད་འཚེ་ཕོག་ཡུལ་དུ་གྱུར་བར་གསལ། ཆུ་ལོག་གི་བྱུང་རྐྱེན་གཙོ་བོ་ནི་སྔར་བབས་མ་མྱོང་བའི་དྲག་ཆར་ཆད་མེད་དུ་འབབ་བཞིན་པའི་རྐྱེན་གྱིས་ཡིན་པར་བརྗོད། ས་ཁུལ་ཧ་ཅང་མང་པོ་ཞིག་གིས་ཆུ་ལོག་གིས་རྐྱེན་བྱས་ཏེ་ཁང་ཁྱིམ་འཐོར་ཞིག་ཏུ་ཕྱིན་པ་དང་། རི་འདབས་ཀྱི་གྲོང་ཚོ་གང་སར་ས་རུད་ཀྱི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པར་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།