རྒྱ་གར་དང་བལ་ཡུལ་ཁྱིམ་ཚང་གཅིག་ཡིན། གོ་འཛོལ་བྱུང་བའི་དུས་ཚོད་ཡོལ་ཟིན་ཟེར།

0
1322
བལ་ཡུལ་གྱི་སྲིད་བློན་ཨོ་ལྰི་ཡིས་རྒྱ་གར་གྱི་སྲིད་བློན་མོ་རྡི་སྣེ་ལེན་མཛད་སྒོ་བསྐོངས་སྐབས།#Nepalese Prime Minister KP Sharma Oli welcomed his Indian counterpart upon his arival at the temple complex. Modi will spend around 45 minutes in the temple.

བལ་ཡུལ། ཀ་ཐ་མན་གྲུ། སྤྱི་ལོ་2018ཟླ་5ཚེས་12ཉིན། ད་ལྟ་སྐར་མ་འགའི་སྔོན་དུ་རྒྱ་གར་དུས་བབ་(TOI)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་སྲིད་བློན་མོ་རྡི་མཆོག་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུར་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་ཡོད་པ་དང་། འབྱུང་འགྱུར་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་ལམ་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ཐད་ཕྱོགས་གཉིས་ཀྱིས་གྲོས་གཞི་དུ་མ་ཞིག་གི་གླེང་སློང་འགོ་འཛུགས་བྱས་ཡོད་འདུག དེ་འབྲེལ་རྒྱ་གར་གྱི་སྲིད་བློན་མོ་རྡི་ཡིས་ནན་བརྗོད་བྱས་དོན་ལྟར་ན།“ད་ནས་བཟུང་རྒྱ་གར་དང་བལ་ཡུལ་བར་དུ་བྱུང་བའི་གོ་འཛོལ་དང་གོ་ནོར་ཡོངས་སུ་མཇུག་བསྒྲིལ་བ་རེད། ང་ཚོ་ནི་ཁྱིམ་ཚང་གཅིག་གི་ནང་མི་དང། འབྱུང་འགྱུར་ང་ཚོ་ལྷན་དུ་ཡར་རྒྱས་ཀྱི་སྐས་འཛེགས་ལ་ལྷན་དུ་འཛེགས་རྒྱུ་ཡིན།”ཞེས་བརྗོད་པའི་གནས་ཚུལ་ཐོན།

སྲིད་བློན་མོ་རྡི་ཡིས་མུ་མཐུད་བལ་ཡུལ་གྱི་ཆབ་སྲིད་ཐད་འགྲེལ་བརྗོད་བྱས་དོན།“ཉེ་བའི་བལ་ཡུལ་གྱི་འོས་བསྡུའི་གྲུབ་འབྲས་ནི་བལ་ཡུལ་གྱི་ལོ་རྒྱུས་དེབ་ཐེར་ནང་གསེར་ཡིག་བརྐོ་རྒྱུའི་གནས་བབ་ཏུ་གྱུར་ཡོད། དེ་བཞིན་ངེད་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་འབྲེལ་བ་ནི་དམིགས་བསལ་ཡིན་པ་དང་། ངས་ཀྱང་ཆེད་དུ་དམིགས་བསལ་གྱི་དུས་ཚོད་དེ་ཉིད་དམ་འཛིན་བྱས་ཏེ་བལ་ཡུལ་དུ་ཡོང་བ་ཡིན། སྤྱིར་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བ་དེ་ནི་རྒྱལ་ཁབ་གཉིས་ཀྱི་གཞུང་འབྲེལ་འགྲོ་ལུགས་ཀྱི་འབྲེལ་བ་ཙམ་མིན་ཞིང་། ངེད་རྒྱ་གར་བ་རྣམས་ནི་བལ་ཡུལ་མི་དམངས་ཀྱི་རྒྱབ་ཏུ་དུས་ཀུན་ཏུ་སྲ་བརྟན་ངང་ལངས་བཞིན་ཡོད། དོན་དངོས་ཐོག་བལ་ཡུལ་དང་རྒྱ་གར་ནི་ཁྱིམ་ཚང་གཅིག་གི་ནང་མི་ལྟར་ཡིན།”ཞེས་བརྗོད་འདུག

ཕྱོགས་གཉིས་ཀྱི་སྲིད་བློན་མཇལ་འཕྲད་བྱུང་བ་དང་དུས་མཚུངས་རྒྱ་གར་གྱི་ཧིན་རྡུའི་གནས་ཆེན་ཨ་ཡོ་རྡ་ཡ་ནས་བལ་ཡུལ་གྱི་ཧིན་རྡུའི་གནས་ཆེན་ཇ་ནག་པུར་གྱི་བར་དུ་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་འགོ་འཛུགས་མཛད་སྒོ་སྤེལ་སོང་།#Prime Minister Narendra Modi and Nepalese Prime Minister Khadga Prasad Oli flag off a bus service between Janakpur in Nepal and Ayodhya in India in Janakpur on May 11.(AP Photo)

སྲིད་བློན་མོ་རྡི་ཡིས་དམིགས་བསལ་ནན་བརྗོད་བྱས་དོན།“ང་དང་ངེད་རྒྱ་གར་གཞུང་གིས་བལ་ཡུལ་མི་དམངས་ལ་སྙིང་དབུས་ནས་མཐུན་རྐྱེན་སྐྲུན་ཐབས་བྱེད་བཞིན་ཡོད་ཅིང་། ངེད་རྒྱ་གར་དམངས་གཙོའི་གཞུང་གིས་བལ་ཡུལ་མི་དམངས་ཡར་རྒྱས་ཕྱོགས་སུ་བསྐྱོད་རྒྱུར་རམ་འདེགས་བྱེད་བཞིན་ཡོད། དམིགས་བསལ་བལ་ཡུལ་གྱི་སྲིད་བློན་གསར་པ་(K P Sharma Oli)ཨོ་ལྰི་ཡིས་སྣེ་འཁྲིད་པའི་སྲིད་གཞུང་བརྒྱུད་ངེད་རྒྱ་གར་ངོས་ནས་བལ་ཡུལ་མི་དམངས་ཀྱི་དུས་བདེ་ཞི་འཇགས་དང་ལོངས་སྤྱོད་དར་རྒྱས་ཡོང་བའི་རེ་འདུན་དང་ཡིད་ཆེས་བྱེད་བཞིན་ཡོད།”ཅེས་བརྗོད་འདུག འོན་ཀྱང་། རྒྱ་གར་གྱི་སྲིད་བློན་མོ་རྡི་ཡིས་རྒྱ་གར་གྱི་དངུལ་ལོར་གསར་བརྗེའི་འོག་བལ་ཡུལ་ནང་དུ་ལུས་པའི་རྒྱ་གར་གྱི་དངུལ་ལོར་རྙིང་པ་གསར་བརྗེ་བྱ་དགོས་པའི་རེ་འདུན་བཏོན་པའི་ཐད་དམིགས་བསལ་ལན་འདེབས་ཅི་ཡང་བྱས་མེད་པ་དང་། བལ་ཡུལ་གྱི་རེ་འདུན་ལྟར་རྒྱ་གར་ནས་བལ་ཡུལ་བར་མཁའ་ལམ་གསར་པ་ཁག་བཞི་བསྣན་རྒྱུའི་ཐད་དམིགས་བསལ་ལན་འདེབས་ཅི་ཡང་བྱས་མེད་པའི་གནས་ཚུལ་བརྗོད།

གཞན་རྒྱ་གར་གྱི་ས་ཐོག་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་བར་མེ་འཁོར་གྱི་ལྕགས་ལམ་གསར་འཛུགས་བྱ་ཐུབ་མིན་གྱི་ཞིབ་འཇུག་ལས་འགོ་འཛུགས་རྒྱུའི་གྲོས་མཐུན་བྱུང་འདུག་པ་དང་། ལས་གཞི་དེའི་རྒྱ་གར་གྱི་ཆེད་ལས་མི་སྣ་རིམ་པས་བལ་ཡུལ་གྱི་ས་ཡུལ་དངོས་ལ་ཞིབ་འཇུག་སྐོར་སྐྱོད་དུ་མངགས་གཏན་ཁེལ་སྐོར་གསལ། གནས་ཚུལ་དེའི་ཐད་སྲིད་བློན་མོ་རྡི་ཡིས་ནན་བརྗོད་བྱས་དོན།“ང་ཚོས་བལ་ཡུལ་དང་ཕྱོགས་ཀུན་ནས་འབྲེལ་མཐུད་བྱ་རྒྱུ་ཡིན། དཔེར་ན། མེ་འཁོར། ཆུ་ཐོག འབྲེལ་མཐུད་སྐུད་ལམ། སྣུམ་འདྲེན་དོང་ལམ་བཅས་ཡོངས་རྫོགས་ནས་ཐད་ཀར་འབྲེལ་མཐུད་བྱ་ཐུབ་པ་བྱ་རྒྱུ་ཡིན།”ཞེས་བརྗོད་སོང་།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།