རྒྱ་གར་གྱིས་གསར་འགྱུར་རྫུན་མར་སྐྱོན་བརྗོད། རྒྱ་ནག་གིས་དམག་རྒྱག་གྲ་སྒྲིག་ཡིན་ཟེར།

0
9912
རྒྱ་དམག་གིས་ཨ་རུ་ན་ཅལ་ས་མཚམས་སུ་དམག་སྦྱོང་བྱེད་བཞིན་པ།#Chinese military drills at Arunachal border

རྒྱ་གར། སྤྱི་ལོ་2017ཟླ་7ཚེས་18ཉིན། ད་ལྟ་ཆུ་ཚོད་གཅིག་ལྷག་གི་སྔོན་དུ་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་(Hindustan Times)ཀྱིས་གནས་ཚུལ་སྤེལ་གསལ། ཁ་སང་ཕྱི་དྲོ་པག་ཀི་སི་ཐན་(Pakistan)གྱི་གསར་ལམ་ཁག་ནས་རྒྱ་ནག་གིས་རྒྱ་གར་གྱི་དམག་སྒར་ཕྱོགས་སུ་མེ་སྒྱོགས་བརྒྱབས་ཏེ་དམག་མི་གྲངས་158རྐྱེན་ལམ་དུ་ཤོར་བའི་གསར་འགྱུར་རྫུན་མ་སྤེལ་བའི་ཐད། དེ་རིང་ཞོགས་པ་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་སྐྱོན་བརྗོད་ནན་ཏན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་གྷོ་པལ་(Gopal Baglay)ལགས་ཀྱིས་བརྗོད་དོན། “གསར་འགྱུར་དེ་ནི་རྩ་བ་ནས་གཞི་མེད་ཡིན་པ་དང་། སྡང་སེམས་ཀྱིས་ཀུན་ནས་བླངས་པ། དེ་བཞིན་གནོད་སེམས་ཀྱི་རྒྱབ་ལྗོངས་ལྡན་པ་ཞིག་རེད།”ཅེས་བརྗོད་འདུག

འོན་ཀྱང་རྒྱ་ནག་གི་ངོས་ནས་ཁ་སང་དངོས་སུ་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་བོད་ཀྱི་རི་ཁུལ་ཞིག་ལ་དྲག་པོའི་དམག་སྦྱོང་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་སྡེ་(PLA)ཚན་པས་བརྗོད་དོན། “དེ་རིང་ང་ཚོས་དམག་སྦྱོང་དེ་ཉིད་བྱས་ཏེ་འབྲས་ལྗོངས་རྡོག་ལམ་(Doklam)ས་གནས་ཀྱི་རྩོད་རྙོག་ལ་གདོང་ཐུག་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།”ཅེས་བརྗོད་འདུག

དེའི་ཐོག་བདུན་སྔོན་མའི་གཟའ་མཇུག་ཏུ་རྒྱ་གར་གཞུང་འཛིན་ལྷན་ཁང་གིས་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་ཆེ་ཁག་ཡོངས་སུ་འདུས་ནས་གནད་དོན་དེའི་ཐད་རྒྱ་ནག་ལ་ཞི་མོལ་བྱ་རྒྱུའི་གྲོས་འགོ་བཏོན་མོད། རྒྱ་ནག་གི་ངོས་ནས་རྒྱ་གར་ལ་ལན་འདེབས་བྱས་དོན། “འབྲས་ལྗོངས་ཀྱི་གནད་དོན་དེའི་ཐད་ང་ཚོའི་བར་ལ་གྲོས་མོལ་དང་ཞི་གྲོས་སོགས་ཀྱི་བརྗོད་གཞི་འཇོག་སའི་ཅོག་ཙེ་མེད། ང་ཚོས་རང་ཉིད་ཀྱི་ས་ཁུལ་དུ་གཞུང་ལམ་བཟོ་རྩིས་བྱས་པར་རྒྱ་གར་གྱིས་བཀག་འགོག་བྱས་ཡོད།”ཅེས་བརྗོད་འདུག

རྒྱ་ནག་གིས་རྡོག་ལམ་ས་ཁུལ་དུ་གཞུང་ལམ་བཟོ་བཞིན་པ་རྒྱ་གར་གྱིས་བཀག་འགོག་བྱས་དོན་ནི། ས་ཁུལ་དེ་ནི་རྒྱ་དཀར་ནག་གཉིས་དང་འབྲུག་བཅས་ཀྱི་འདུ་འཛོམས་ས་མཚམས་ཀྱི་ལྟེ་གནས་ཤིག་ཆགས་ཀྱི་ཡོད་པ་དང་། གཉིས་ནས་འབྲུག་གི་བདེ་འཇགས་ཐད་འབྲུག་གཞུང་ངོས་ནས་རྒྱ་གར་ལ་རེ་བ་བཅོལ་ཡོད་སྐོར་བརྗོད། ཕྱོགས་གཉིས་ཀྱི་རྩོད་རྙོག་གནད་དོན་ཐད་གནས་ཚུལ་གསར་ཤོས་ནི། དེ་རིང་ཞོགས་པ་རྒྱ་ནག་གཞུང་འབྲེལ་གསར་ཁང་བརྒྱུད་རྒྱ་གར་ལ་ཉེན་བརྡ་བཏང་དོན། “རྡོག་ལམ་གྱི་རྩོད་རྙོག་དེར་གདོང་ཐུག་ཤོར་ཚེ་ང་ཚོའི་ས་མཚམས་ཁྱོན་ཡོངས་ནས་གདོང་ཐུག་ཤོར་རྒྱུའི་གྲ་སྒྲིག་བྱོས།”ཞེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།